༄༅།། 《དེབ་ཐེར་དཀར་པོ》འབྲི་རྩོམ་གནང་བའི་སྐོར།
སྤེལ་དུས།  2013-12-10  རྡེབ་ཚད།   ཡོང་ཁུངས། མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་།  རྩོམ་པ་པོ།  མེ་ལྕེས་ཀྱིས་བརྩམས་པའི《དགེ་ཆོས་ཞིབ་འཇུག》ཞེས་པའི་དཔེ་དེབ་ལས་བཏུས།  རྩོམ་སྒྲིག་པ། lobsang

      དགེ་འདུན་ཆོས་འཕེལ་ནི་རྒྱལ་ཁབ་ཕྱི་ནང་གང་དུ་བཞུགས་རིང་ལོ་རྒྱུས་ཀྱི་གནད་དོན་མང་པོར་དཔྱད་པ་གཏིང་ཟབ་གནང་བ་བརྒྱུད་བོད་ཀྱི་རྒྱལ་རབས་ཤིག་རྩོམ་བཞེད་ནར་མར་ཡོད་རུང་།བར་སྐབས་མཐུན་རྐྱེན་མ་ཚང་བ་ལྟ་བུས་དེ་མུར་ལུས་པ་གོང་དུ་ཁོ་བོ་དང་ཐོག་མ་མཇལ་སྐབས་ཀྱི་གསུང་མོལ་དུམ་བུ་དེ་ནས་མཚོན་ཐུབ་ཅིང་།ད་ཆ་རྒྱལ་རབས་རྩོམ་པའི་ཆ་རྐྱེན་སྨིན་པར་གཅིགས་ནས་ཁོ་བོ་དང་རྒྱུན་གཏན་མཇལ་འཛོམས་སྐབས་རྒྱ་གར་དུ་བཞུགས་པ་དེའི་ཚེ་ཤིན་ཅང་དང་ཏུན་ཧོང་སོགས་ཀྱི་ས་ཆ་ནས་ཐོན་པའི་སྔར་ཆོས་རྒྱལ་དུས་སྐབས་ཀྱི་ཡིག་རྙིང་དུམ་བུ་འགའ་ཕྱག་ཏུ་སོན་པའི་རྐྱེན་གྱིས་བོད་ཀྱི་རྒྱལ་རབས་རྩོམ་པའི་འདུན་པ་ཤུགས་ཆེན་འཁྲུངས་པའི་སྐོར་དང་།རྒྱལ་རབས་དེ་འདྲ་ཞིག་བསྒྲུབས་ནས་ལེགས་པོ་ཡོང་མོད།འོན་ཀྱང་རྐྱེན་དབང་བར་ཆད་ཇི་ཡོང་ཡང་ངེས་མེད་ཅེས་བར་སྐབས་ཁོང་རྒྱ་གར་ནས་བོད་དུ་ཕེབས་པའི་ལམ་བར་སྟོད་ག་ཤ་འཕགས་པ་རིན་པོ་ཆེ་མཇལ་སྐབས་མནལ་ལམ་གྱི་རྟགས་མཚན་དུམ་བུ་ཞིག་གསུང་གི་ཡོད་པ་དང་།“ཁྱེད་ནས་ཀྱང་རྒྱལ་རབས་རྩོམ་རྒྱུར་མཐུན་འགྱུར་རོགས་རམ་གནང་བ་དེ་ཡག་པོ་རེད”གསུངས་ཏེ་ཁོ་བོས་མཐུན་འགྱུར་རོགས་རམ་ཅུང་ཟད་ཞུ་ཐུབ་པར་བརྩི་མཐོང་དང་ཐུགས་མོས་ཆེན་པོ་མཛད་ཅིང་།སྐབས་དོན་རྒྱལ་རབས་རྩོམ་པའི་སྟ་གོན་ལ་དངོས་སུ་བཞུགས་པའི་སྐོར་ཞུས་ན།བོད་མི་ཁྱིསྤྱི་ལོ1946ཟླ་གཉིས་པའི་ཚེས་ལྔ་ཉིན་དམ་པ་ཉིད་དང་།ཕྲན་གཉིས་ར་མ་སྒང་དུ་མུ་ཏིག་བཙན་པོའམ་མཚན་གཞན་སད་ན་ལེགས་འཇིང་ཡོན།ཁྲི་ལྡེ་སྲོང་བཙན་ཞེས་སུ་གྲགས་པས་བཞེངས་པའི་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་ཁང་ཞེས་བྱ་བའི་གཙུག་ལག་ཁང་གི་གནས་ཤུལ་ཏུ་ཡོད་པའི་བཀའ་གཙིགས་ཀྱི་རྡོ་རིང་དང་།འུ་ཤང་དུ་ཡོད་པའི་རལ་བ་ཅན་ནམ་ཁྲི་གཙུག་ལྡེ་བཙན་གྱིས་བཞེངས་པར་གྲགས་པའི་འོན་ཅང་རྡོའམ།ད་ལྟ་འུ་ཤང་དུ་འབོད་པའི་སའི་ཆར་དཔེ་མེད་བཀྲ་ཤིས་དགེ་འཕེལ་གླིང་གི་གཙུག་ལག་ཁང་ཞེས་བྱ་བའི་གནས་ཤུལ་དུ་ཡོད་པའི་རྡོ་རིང་གཉིས་བཅས་ཀྱི་ཡི་གེར་ལོ་རྒྱུས་ཀྱི་གནད་དོན་ཇི་ལྟ་འཁོད་པའི་སྐོར་ཞིབ་འཇུག་གནང་བར་ཕེབས་སྐབས་སྐར་ཆུང་རྡོ་རིང་གི་ཏོག་ནས་ཞབས་སྟེགས་བར་སྐྱོན་མེད་དང་།ཡི་གེ་ཡང་ཆ་ཚང་སྐྱོན་གྱིས་མ་གོས་པར་གནས་པ་དེ་བཤུས་པའི་ནང་སྲོང་བཙན་ནས་ཁྲི་ལྡེ་སྲོང་བཙན་བར་གྱི་མཚན་རིམ་དང་།གཙུག་ལག་ཁང་ཆགས་ཡུལ་གྱི་ས་མིང་སོགས་རྒྱལ་རབས་གཞན་དུ་མ་འཁོད་པ་གནད་ཆེ་གང་ཙམ་གསལ་འདུགདམ་པ་དེ་ཉིད་ཀྱིས“སྐར་ཆུང་རྡོ་རིང་ལ་བརྟེན་ནས་རྒྱལ་རབས་ཀྱི་ནོར་འཁྲུལ་འགའ་ཞིག་ཡོ་བསྲང་ཐུབ་པས་ཁྱོད་ཀྱིས་རྡོ་རིང་འདིའི་ཡི་གེར་འགྲེལ་བཞིག་བྲིས་ཤིག”ཅེས་གསུངས་པ་ལྟར་ཁོ་བོས་ཀྱང་དེའི་འགྲེལ་བ་ཞིག་ཀྱང་བརྩམས།འུ་ཤང་རྡོ་རིང་ལ་ཡི་གེ་མི་འདུག་པ་དེའི་སྐོར“དེ་ནི་རྡོ་རིང་ལ་ཡི་གེ་བརྐོ་བའི་གོ་སྐབས་མ་བྱུང་ཡིན་ངེས་ལ།དེ་ཡང་རལ་བ་ཅན་གྱིས་སྲིད་དབང་ཡུན་རིང་འཛིན་མ་ཐུབ་པ་དངོས་འབྲེལ་ཡིན་འདུག”གསུངས།ཞོར་དུ་ཤུག་གསེབ་ཏུ་ཕེབས་ཏེ་རྗེ་བཙུན་རིན་པོ་ཆེ་དགུང་ལོ་བརྒྱ་ལྷག་ཕེབས་པ་སྐད་གྲགས་ཅན་དེ་ཡང་མཇལ།ཞག་གཉིས་འུ་ཤང་ལྷ་ཁང་དུ་བསྡད།ང་ཚོ་ཡར་ལམ་གསང་མདར་ཚ་ཕོགས་ཤིག་ལ་འཁོད་སྐབས་དམ་པ་དེ་ཉིད་ཐུགས་དགྱེས་པའི་རྣམ་པ་དང་བཅས་ཏེ“བོད་ཀྱི་ཆོས་སྡེ་ཆེན་པོ་ཁག་གི་མཚན་ཉིད་རྩོད་གྲྭའི་སྲོལ་ཐོག་མར་གཏོད་མཁན་ནི་ཆ་པ་ཆོས་ཀྱི་སེང་གེ་ཡིན།གསང་ཕུའི་ལུང་བ་ཆུང་ཆུང་འདི་འདྲ་བའི་རིའི་ཕུག་ནས་བྱང་མཐའ(ད་ལྟ་ནི་བྱང་མཐས་མ་ཚད་ལྷོ་མཐར་ཡང་ཁྱབ་བཞིན་པའོ)ཨུ་རུ་སུའི་ས་བར་ཁྱབ་པ་རེད”ཅེས་གསུངས།དེ་ནས་སླར་ཡང་སྐར་ཆུང་གི་གནས་ཤུལ་དུ་ཕེབས་པར་དེར་སངས་རྒྱས་དགོན་ཞེས་བྱ་བའི་བཙུན་མའི་དགོན་པ་ཞིག་འདུག་པའི་ཚོགས་ཁང་ནང་ས་འོག་ནས་ཐོན་པའི་རྡོ་རིང་གི་ཏོག་ཅིག་འདུན་པ་དེ་དང་།དེ་དུས་སྐར་ཆུང་དུ་སྐྱོན་མེད་དུ་གནས་པའི་རྡོ་རིང་དེའི་་ཏོག་དང་ཁྱད་པར་གཏན་ནས་མེད་པ་དེར་གཞིགས་ན་ད་དུང་རྡོ་རིང་གཞན་ཞིག་བྱེ་མའི་འོག་ཏུ་མནན་ཡོད་པར་ཐེ་ཚོམ་མི་འདུགདེའི་སྐོར“ཕལ་ཆེར་རྡོ་རིང་གཅིག་ཆོས་ཀྱི་སྐོར་དང་།གཅིག་སྲིད་ཀྱི་སྐོར་ཡིན་ངེས་པས་ཅིག་ཤོས་དེ་རྙེད་ན་ལོ་རྒྱུས་འབྲི་རྩོམ་ལ་ཤིན་ཏུ་ཕན་ཐོགས་ཡོང་གི་རེད”ཅེས་གསུངས།དེ་ནས་ཐོན་ཏེ་ར་མ་སྒང་གི་གྲུ་ནང་མི་རྟ་ཡོངས་རྫོགས་ཞུགས་ནས་སྐྱིད་ཆུ་བདེ་བར་བརྒལ་ཏེ་མཛེས་སྡུག་ཕུན་སུམ་ཚོགས་ཤིང་ཚ་གྲང་སྙོམས་པའི་ཡུལ་ལྷ་སའི་གྲོང་ཁྱེར་དུ་ནོར་བུ་ལེན་པའི་དོན་མཐུན་་རྒྱ་མཚོ་ནས་རེ་བ་ཡོངས་སུ་གང་སྟེ་རང་ཁྱིམ་དུ་བདེ་བར་འབྱོར་བ་དང་གཉིས་སུ་མེད་པར་ང་ཚོ་ཡང་འབྱོར།vv2
      དེ་ལྟར་སྔོན་འགྲོ་སྟ་གོན་གྱི་རིམ་པ་ཡོངས་སུ་ཚང་བའི་་སྒོ་ནས《དེབ་ཐེར་དཀར་པོ》རྩོམ་འབྲིའི་དབུ་འཛུགས་མཛད་ཅིང་།སྐབས་དེར་ཁོ་བོ་ས་གནས་སྲིད་གཞུང་གི་སྐུ་སྲུང་རུ་དཔོན་གྱི་ལས་འགན་འཁུར་ཡོད་པ་དང་།རང་ཉིད་ལ་སྐུ་སྲུང་དམག་སྒར་ནང་ལས་ཤག་དང་ཤག་སྲུང་བ་དམག་མི་གཅིག་ཀྱང་ཡོད།སྐབས་དེའི་ལས་འགན་རུ་བརྒྱ་སྤྱི་མཚུངས་དམག་སྒར་གྱི་སྒྲི་ཤིང་ཞེས་པ་ཉི་མ་བདུན་རེ་སྡོད་བྱ་རེས་འཁོར་སྐབས་ལས་རྣམ་ཀུན་ལྷ་སར་རང་ཁྱིམ་དུ་སྡོད་ཀྱི་ཡོད།དམག་མི་རྣམས་ཀྱང་ཕོ་བྲང་ཡས་མས་སྲུང་བྱ་ཙམ་ལས་གཞན་བྱ་བ་མེད་སྟབས་དམག་སྒར་ནི་ཁ་ཁུ་སིམ་པས་དམག་སྒར་ནང་གི་ཁོ་བོའི་ལས་ཤག་དེ་དམ་པ་དེ་ཉིད་ལོ་རྒྱུས་རྩོམ་འབྲི་གནང་སྐབས་ཅུང་དབེན་ལ་ཐུགས་བག་ཕེབས་པའི་བཞུགས་གནས་ཤིག་དགོས་པ་དེ་དང་འཚམ་པར་མཐོང་ནས་དེ་ལྟར་འགབ་མིན་གང་ཉིད་ལ་བཀའ་དྲིན་ཞུས་པར་ཐུགས་མོས་ཆེ་བྱུང་ལྟར་དེ་གར་རྒྱུན་བཞུགས་ཀྱིས་རྩོམ་འབྲི་གནང་བའི་དེབ་ཐེར་གྱི་མིང་ལའང《དེབ་ཐེར་དཀར་པོ》ཞེས་བྱ་བ་སྐབས་དེ་རང་དུ་འདོགས་གནང་མཛད།དེའི་དགོངས་པའང་ས་དགེ་བཀའ་རྙིང་ཕྱོགས་རིས་གང་གིས་མ་བསླད་པར་གཟུ་བོར་གནས་པའི་དོན་ཞིག་ཡིན་པར་སེམས་ཤིང་།གཞན་དུ་ན་སྔོན་ཆད་བོད་དུ《དེབ་དཀར》ཞེས་པའི་རྒྱལ་རབས་རབས་མཁས་པ་སུས་ཀྱང་བརྩམས་པར་མཐོང་རྒྱུ་ལྟར་བཞག་ཐ་ན་སྒྲ་འཛིན་དབང་པོར་ཡང་ལྷུངས་མ་མྱོང་བ་ཞིག་གོ།vv2
      དེ་རྗེས་བོད་མེ་ཁྱི་ཧོར་ཟླ་བཞི་པའི་ཉིན་ཞིག་དམག་སྒར་དུ་རང་ཉིད་སྡོད་བྱ་གཙང་ཉིན་དམ་པ་དེ་ཉིད་ཕེབས་ཏེ“དོ་ནུབ་ང་གཉིས་འདིར་བསྡད་ནས་སང་ཞོགས་ང་ཁྲི་བྱང་རིན་པོ་ཆེའི་སྐུ་མདུན་དུ་དེབ་དཀར་གྱི་འགོ་རྩོམ་ཤོག་ལྷེ་ཁ་ཤས་ཤིག་སྤྱན་ཞུར་ཕུལ་ཡོད་པ་དེ་ལེན་དུ་འགྲོ་བ་ཡིན།དེ་ནས་ང་ཚོ་ལྷ་སར་མཉམ་དུ་ལོག་འགྲོ”ཞེས་གསུངས།དེའི་སང་ཉིན་སྔ་དྲོ་ནོར་གླིང་ཕོ་བྲང་གི་ལྕགས་རིའི་ནང་དུ་འཇུར་རྟ་གྱོན་ན་མི་འགྲིགས་གསུངས་ཏེ་དམག་དཀྱུས་ཤིག་ནས་ལྷམ་ཤོལ་རྩེ་ཞིག་གཡར་པོ་བཞེས་ནས་ནོར་གླིང་དུ་ཕེབས་ཏེ་དེ་ནས་མགྱོགས་པོ་ཚུར་ལོག་ཕེབས་བྱུང་།ཁོང་གིས“ངས་རྩོམ་བཞིན་པའི་རྒྱལ་རབས་ལ་སྲིད་སྐྱོང་སྟག་བྲག་རིན་པོ་ཆེ་ནས་ཡག་པོ་བྱུང་འདུག་གསུང་ཚུལ་དང་།ཁྲི་བྱང་ནས་ཀྱང་མཐོང་ཆེན་པོ་གནང་གི་འདུག”ཅེས་ཐུགས་མཉེས་མཉེས་ངང་གསུངས་བྱུང་།སྐབས་དེར་ཁྲི་བྱང་རིན་པོ་ཆེ་ནི་མཚན་ཞབས་ཀྱི་ལས་འགན་གནང་སྐབས་ཡིན་པས་ཆབ་སྲིད་སྐོར་འབྲེལ་བ་མེད་པ་དང་།སྲིད་སྐྱོང་སྟག་བྲག་གིས་རྒྱལ་རབས་དེར“ཡག་པོ་འདུག”ཅེས་གསུངས་ཀྱང་དོན་དུ་ཉིན་དེའི་དགོངས་མོ་དམ་པ་དེ་ཉིད་དོ་དམ་བྱ་རྩིས་ཡོད་པ་རེད།དེ་ནས་དམ་པ་དེ་ཉིད་དང་ང་གཉིས་དམག་སྒར་ནས་རྐང་ཐང་མར་ལྷ་སར་ཕེབས་སྐབས་རྩེ་ཞོལ་ཕྱི་མའི་རྡོ་རིང་ལ་རྒྱང་ཤེལ་བཙུགས་ཏེ་ཡི་གེ་བཀླག་པའི་ཚེ་གླིང་བསྐོར་རྒྱག་མཁན་དང་།དེ་མིན་གྱི་སྐྱེ་བོ་ཁག་གཅིག་གིས་ང་ཚོར་ལྟད་མོ་བལྟས་ནས་བསྡད་འདུག་པར་ཁོང་གིས་ལྗགས་ཀློག་གནང་བཞིན་པའི་འཕྲོ་བཅད་དེ་ད་འགྲོ་ཞེས་ཁོ་བོའི་ནང་དུ་ཕེབས་པ་དང་།དེ་ནས་བཞུགས་གནས་དབང་ལྡན་དཔལ་འབར་ནང་ལོག་ཕེབས་སོང་བའི་དགོང་མོ་ལྷ་སའི་མི་དཔོན་གཉིས་ཀྱིས་འཛིན་བཟུང་བྱས་ཏེ་དེ་ལྟར་ཡིད་ཡུལ་དུ་མེད་པའི་བར་ཆད་ཀྱིས་མཐར་རྒྱལ་རབས་ལེགས་པར་མ་གྲུབ་པ་རྩོམ་འཕྲོ་འདི་ལྟ་བུར་ལུས་དགོས་པའི་རྐྱེན་ཡང་འདིར་ཐུག་པ་དང་།འཕྲོ་ལུས་སུ་གྱུར་པའི་ཕངས་སེམས་ནི་བརྗོད་ལས་འདས་པ་ཞིག་ཏུ་གྱུར་།vv2
       བཙོན་ནས་གྲོལ་རྗེས་ལྕགས་སྟགསྤྱི་ལོ1940ལོ་ས་གནས་སྲིད་གཞུང་གིས་དམ་པ་དེ་ཉིད་ལ་རྒྱལ་རབས་ཀྱི་རྩོམ་འཕྲོ་བསྐྱངས་དགོས་པའི་བཀའ་ཕབ་སྟེ་ལོ་ལྟར་ཕོགས་ཐོབ་འབྲུ་ཁལ་དྲུག་ཅུ་རེ་དང་།བོད་དངུལ་སྲང་སུམ་སྟོང་རེ་འབུལ་རྒྱུའི་ལག་འཁྱེར་དང་།བཞུགས་གནས་སུ་སོ་ནམ་ལས་ཁུངས་ཀྱི་ཁང་ཁུངས་དགའ་རུ་ཤར་ཟེར་བའི་ཡང་སྟེང་ཁང་མིག་གསུམ་ཡོད་པའི་ཁང་པ་རབ་གཅིག་བཅས་ཀྱང་ཕུལ་འདུགབར་ཆད་ཐལ་ཆེ་བ་དང་ཁྲིམས་མུན་དུ་ཆུད་པའི་ཐུགས་ངལ་ཆེན་པོས་བཞེས་རག་ཁོ་ན་བཞེས་དགོས་པའི་རྐྱེན་གྱིས་སྐུ་ཁམས་ཧ་ཅང་ཞན་ལ་ཐུགས་ཀྱང་བརྗེད་ངད་ཆེ་བ་ཞིག་ཏུ་གྱུར་སྟབས་རྒྱལ་རབས་རྩོམ་འཕྲོ་མུ་མཐུད་སྐྱོང་རྒྱུ་ནི་ནམ་མཁའི་མེ་ཏོག་ལྟར་ཕྱག་བཞེས་སུ་འཁྱོལ་དཀའ་བར་གྱུར་ཏོ།།vv2
      དེ་ལྟར་བར་ཆད་ཀྱིས་དེབ་དཀར་རྩོམ་འཕྲོ་ཅན་དུ་ལུས་པ་དེ་པར་བསྐྲུན་ཐད་མེ་མོ་ཕགསྤྱི་ལོ1947ལོ་ང་རང་མདོ་སྨད་དུ་སྐྱོད་དགོས་ཀྱིས་ལྷ་སར་སྡོད་ལོང་མ་བྱུང་བའི་བར་དེར་ཁོ་བོས་གཉེར་མངགས་ཞུས་པ་བཞིན་དགེ་བའི་བཤེས་གཉེན་ཆོས་ཀྱི་གྲགས་པས་འགན་བཞེས་གནང་ནས་པར་དུ་བསྐྲུན་པ་བཅས་ལེའུ་གསུམ་པ་འདི་ཙམ་གྱིས་རྫོགས་པར་བྱས་སོ།།vv2
འཛམ་གླིང་མཁས་པ་རིས་སུ་མ་ཆད་པའི།།vv2
རིག་པའི་གཞུང་དང་ལོ་རྒྱུས་ཡིག་རྙིང་ལ།།vv2
འབད་པ་ཆེན་པོས་དཔྱད་གསུམ་དག་པ་ཡིས།།vv2
གངས་ལྗོངས་རིག་པའི་ང་མཚར་གསལ་བར་མཛད།།vv2

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།