༄༅། ། འུ་དུམ་བཙན་བཀྲོངས་པའི་སྐོར།
སྤེལ་དུས།  2014-05-07  རྡེབ་ཚད།   ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།  རྩོམ་པ་པོ། དུང་དཀར་བློ་བཟང་འཕྲིན་ལས།  རྩོམ་སྒྲིག་པ། lobsang

      གླང་དར་མ་འུ་དུམ་བཙན་ནི་བོད་ཀྱི་བཙན་པོའི་ཁྲི་རབས་ཞེ་གསུམ་པ་སྟེ།བཙན་པོའི་གདུང་རབས་ཀྱི་ནང་ནས་ནག་ཆང་ལ་དགའ་ཞིང་གདུག་རྩུབ་ཆེ་ལ་སྤྱོད་པ་ངན་པའི་དཔེར་འོས་པ་ཞིག་ཡིན་པར་རྒྱ་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཚང་མའི་ནང་གསལ།འདི་ནི་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་ལ་སྲས་ལྔ་བྱུང་བའི་གཉིས་པ་ཡིན་ཞིང་།འཁྲུངས་འདས་ཀྱི་ལོའོ་སྐོར་ལ་བཤད་ཚུལ་མི་འདྲ་བ་མང་ཞིང་།འདས་ལོ་ནི་<<ཐང་དེབ་གསར་རྙིང་>>ལྟར་ན་ཐང་འུ་ཙུང་ལི་ཡན་གྱི་ཧོས་ཁྲང་ཁྲི་ལོ་གཉིས་པ་ཆུ་ཁྱི་(༨༤༢)ལོར་ལྷ་ལུང་དཔལ་རྡོར་གྱིས་བཀྲོངས།རང་ལོ་སོ་དགུར་སླེབས་པ་ལྕགས་བྱ་(༨༤༡)ལོ་ནས་ལོ་གཅིག་དང་ཟླ་བ་ཁ་ཤས་རྒྱལ་པོ་བྱས་ཤིང་།ཐོག་མའི་ཟླ་བ་དྲུག་རིང་སྔར་སྲོལ་ལྟར་ཚུལ་མཐུན་བྱས་ཏེ།འབྲི་ཡི་གཙུག་ལག་ཁང་དང་སྤ་བྲོ་སྟག་ཁུག་གི་གཙུག་ལག་ཁང་སོགས་བཞེངས།དེ་ནས་རིང་པོར་མ་སོང་བར་རྒྱ་ནག་ནས་བོན་པོ་འགའ་ཞིག་གིས་བོད་ཀྱི་ཆབ་སྲིད་ཕུང་བའི་མཐུ་སྔགས་བྱས་པའི་དངོས་པོ་ཁག་གསུམ་རྒྱལ་པོ་དང་།བཙུན་མོ།བློན་པོ་བཅས་ལ་ལག་རྟགས་སུ་བསྐུར་བ་འབྱོར་རྗེས་རྒྱལ་བློན་བཙུན་མོ་རྣམས་སེམས་འགྱུར་ནས་ཆོས་ཁྲིམས་བཤིག་པའི་ངན་གྲོས་བཤམས།དབས་རྒྱས་ཏོ་རི་སྟག་སྣ་དང་།སྣ་ནམ་རྒྱལ་ཚ་ཁྲི་གསུམ་རྗེའི་བློན་པོར་བསྐོས།སྔར་གྱི་ཆོས་བློན་རྣམས་ལ་དབང་མེད་པར་བྱས།སྐབས་དེར་སངས་རྒྱས་ཆོས་ལུགས་མེད་པར་བཟོ་བའི་ཁག་འདོགས་བྱེད་ས་མ་རྙེད་པར་ལུས་པའི་དུས་དེར་ལྷ་སར་སད་དང་།སེར་བ།མུ་གེ།ནད་ཡམས་མང་པོ་ བྱུང་བའི་གོ་སྐབས་དང་བསྟུན་ནས་ཐོག་མར་བོད་འབངས་རྣམ་ལ་དྲིལ་བསྒྲགས་ཀྱི་ལས་ཀ་བྱེད་དོན་དུ།དེ་སྔོན་མེས་པོ་སྲོང་བཙན་སྒམ་པོའི་སྐབས་རྒྱ་མོ་ཀོང་ཇོ་ཟེར་བའི་འདྲེ་མོ་ཞིག་བོད་དུ་ཡོང་བ་དང་།དེས་ལྷ་ཡུལ་དང་།ཨོ་རྒྱན་ཡུལ།རྒྱ་གར།རྒྱ་ནག་བཅས་ཕུང་ལ་གཏད་མཁན་ལྷ་ཤཱཀྱ་མུ་ནེ་ཟེར་བའི་སྐུ་དེ་བོད་དུ་ཁྱེར་ཡོང་བ་མ་ཟད།ས་དཔྱད་བརྟག་པ་ལ་མཁས་པ་ཡིན་ཟེར་ནས་བོད་ཀྱི་རི་དང་ས་དཔྱད་བཟང་པོ་ཡོད་ཚད་ལ་མཆོད་རྟེན་དང་ལྷ་ཁང་བཅས་རྩིག་ཏུ་བཅུག མེས་པོ་ཁྲི་སྲོང་ལྡེ་བཙན་དང་རལ་པ་ཅན་གྱི་སྐབས་བོད་འབངས་མང་པོ་རབ་བྱུང་བྱེད་དུ་བཅུག་པས་བོད་ཀྱི་མི་རྒྱུད་གོང་འཕེལ་ཡོང་རྒྱུར་གནོད་སྐྱོན་ཆེན་པོ་བྱུང་བ་ཡིན་ཟེར་བ་ལ་སོགས་པའི་ཆོས་ལུགས་བསྣུབས་པའི་གླེང་ཕྱོགས་མང་པོ་བཏོན་ནས་ཆོས་བྱེད་མི་ཆོག་པའི་ཁྲིམས་བཟོས།རབ་བྱུང་བཙུན་པ་རྣམས་རྟགས་དང་ཕྲལ་ནས་ཁྱིམ་པར་བབས་སུ་བཅུག བཀའ་ལ་མི་ཉན་པའི་གྲགས་ཅན་ཆོས་པ་མང་པོ་ཞིག་བཀྲོངས།དེའི་འཕྲོས་རྣམས་མདའ་གཞུ་དང་།ཆ་ལང་།དུང་ལ་སོགས་པ་བསྐུར་ནས་རི་དྭགས་རྔོན་པར་བཏང་།ལྷ་ཁང་བཤིག་ཐུབ་པ་ཐམས་ཅད་བཤིག བཤིག་མི་ཐུབ་པ་བསམ་ཡས་དང་ ལྷ་ས་གཙུག་ལག་ཁང་སོགས་ཀྱི་སྐུ་བརྙན་འགའ་ཞིག་ས་ལ་སྦས།ལ་ལ་ཆུ་ལ་བསྐུར།ལྷ་ཁང་གི་སྒོ་ལ་འདམ་ཞལ་བྱས།སྐབས་དེར་སྔགས་པ་དང་།ཁྱིམ་པ།བློན་པོ་དད་པ་ཅན་རྣམས་ཀྱིས་ལྷ་སྐུ་དང་།གསུང་རབ་མང་པོ་སྦས་བསྐུངས་བྱས་ཏེ་སྲུང་སྐྱོབ་ཐུབ་ཙམ་བྱུང་།སློབ་དཔོན་ཆེན་པོའི་ཡང་སློབ་ཞལ་བཞུགས་པ་རྣམས་ཀྱིས་ལྐོག་ཏུ་བཀའ་བགྲོས་གནང་སྟེ་སྲུང་སྐྱོབ་གནང་རྒྱུར་ལས་བགོས་བསྐྱོན་པ་ལྟར་གསང་སྔགས་ཀྱི་ཆོས་སྐོར་ཧ་ཅང་མང་པོ་ཞིག་དང་།བཙན་པོའི་སྐབས་ཀྱི་ཁྲིམས་ཡིག་བཀའ་གཙིགས།ལོ་རྒྱུས་སོགས་འབྲུག་ཡུལ།མོན་ཡུལ། ལྷོ་བྲག འབྲི་གུང་།གཙང་ཁུལ་སོགས་ས་བཙན་པོ་གར་ཡོད་ཀྱི་བྲག་ཕུག་ནང་དུ་སྦས་ནས་བྲོས་ཐུབ་པ་རྣམས་བྲོས་ཤིང་།བྲོས་མ་ཐུབ་པ་རྣམས་གབ་གང་ཐུབ་མཛད།འགའ་ཞིག་རྒྱལ་བློན་གྱིས་བཟུང་ནས་སྐུ་བཀྲོངས།སྐབས་དེར་ས་གནས་མང་ཆེ་བར་རྒྱལ་པོས་མངགས་པའི་སོ་མྱུལ་བ་ཡོད་སྟབས།ལོ་པན་འགའ་ཞིག་མངའ་རིས་ནས་ལི་ཡུལ་བརྒྱུད་རྒྱ་བོད་ཀྱི་མཐའ་མཚམས་བསྐོར་ནས་མདོ་སྨད་མཚོ་སྔོན་ཕྱོགས་སུ་བྲོས་སོ།།BWu
      བཙན་པོ་འདིས་ཆོས་ལུགས་བསྣུབས་ནས་ཟླ་བ་ཕྱེད་བདུན་ཙམ་སོང་བ་ན་ལྷ་ལུང་དཔལ་གྱི་རྡོ་རྗེ་བྲག་ཡེར་པར་གབ་ནས་བཞུགས་ཡོད་པ་ཤེས་ཏེ་སྐུ་བཀྲོངས་མཁན་གྱི་གཤེད་མ་གཏོང་རྩིས་ཡོད་སྐབས་ལྷ་ལུང་དཔལ་རྡོ་རྗེས་རྒྱལ་པོ་སྡིག་ཅན་གསོད་པའི་དུས་ལ་བབས་པར་མཁྱེན་ནས་རྟ་དཀར་པོ་ལ་སོལ་བ་ནག་པོ་བྱུགས།བེར་ཕྱི་ནག་པོ་ནང་དཀར་པོ་བྱས་པ་ཞིག་བཞེས།ཕྱག་ཏུ་ལྕགས་མདའ་དང་ལྕགས་གཞུ་ཐོགས་ནས་ལྷ་སར་ཕེབས།སྐབས་དེར་རྒྱལ་པོ་སེམས་ཅུང་ཟད་མ་བདེ་བའི་རྐྱེན་གྱིས་གཙུག་ལག་ཁང་གི་སྒོ་འགྲམ་དུ་དབོན་ཞང་མཐུན་འབྲེལ་གྱི་རྡོ་རིང་ཀློག་ནས་བསྡད་ཡོད་པ་དང་སྟབས་འཁེལ་ཏེ་རྒྱལ་པོ་གཟིགས་པ་དང་རྟ་ལས་བབས།ཕྱག་གསུམ་འཚལ་བའི་དང་པོ་ལ་གུས་ཕྱག་དང་།གཉིས་པ་ལ་མདའ་སྟོང་ཁ་སྦྱར།ཕྱག་གསུམ་ཟིན་པ་དང་རལ་བ་རྒྱབ་དུ་བསྒྱུར་ནས་མདའ་འཕངས་པས་རྒྱལ་པོའི་སྙིང་ཁར་ཕོག་ཏེ་ལག་གཉིས་མདའ་ལ་འཇུས་བཞིན་དུ་གྲོངས་སོ། །BWu

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།