༄༅།། སྣ་མང་ཕུན་སུམ་ཚོགས་པའི་བོད་ཀྱི་ཞྭ་མོའི་རིག་གནས།
སྤེལ་དུས།  2018-01-03  རྡེབ་ཚད།   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

1.jpgJRY

མཚོ་བོད་ས་མཐོར་གནས་བཅའ་བའི་བོད་རིགས་མི་དམངས་ཚོས་གནའ་སྔ་མོ་ནས་བཟུང་ཕོ་མོ་མི་འདྲ་བ་དང་། ལོ་ན་མི་མཚུངས་པ། ཡུལ་དུས་མི་འདྲ་བ། ལས་རིགས་མི་གཅིག་པ་བཅས་ཀྱི་དབར་དབྱེ་བ་གསལ་པོ་ཡོད་པའི་ཞྭ་མོ་མང་པོ་གསར་གཏོད་བྱས་ཡོད། དེ་དག་ལ་ཆར་རླུང་དང་ཉི་འོད་འགོག་པའི་ཁྱད་ཆོས་ལྡན་པ་ཙམ་མ་ཟད། དབྱར་ཁ་བསིལ་ལ་དགུན་ཁ་དྲོ་བ། ལས་རིགས་དང་གོ་གནས། རོང་འབྲོག་བར་གྱི་དབྱེ་བ་སོགས་གསལ་བས། དེ་ནི་མི་ལ་ཡོད་ན་སྨོན་རྒྱུ་དང་རང་ལ་ཡོད་ན་སྤོབས་པ་སྐྱེ་འོས་པ་ཞིག་ཡོད།JRY

གྲུབ་མཐའ་མི་འདྲ་བའི་ཞྭ་མོ།JRY

བོད་ས་མཐོར་ཞྭ་མོའི་ཚོས་གཞིའམ་བཟོ་དབྱིབས་ཀྱིས་གྲུབ་མཐའ་དང་བདག་པོའི་གནས་བབ་གསལ་པོ་མཚོན་པས་ཞྭ་སེར་དང་། ཞྭ་ནག ཞྭ་དམར་སོགས་ཡོད་ལ། དེ་སྔ་ལས་གནས་ཡོད་པ་ཞིག་ཡིན་ཕྱིན་ཞྭ་མོའི་ཏོག་ཙམ་གྱིས་དཔོན་གནས་མཐོ་དམན་ཤེས་ཐུབ་ཀྱི་ཡོད། དེ་ཡང་རི་བོ་དགེ་ལུགས་པ་ཚོས་མཆོད་པའི་ཞྭ་སེར་ནི་བུ་སྟོན་རིན་ཆེན་གྲུབ་ཀྱིས་སྲོལ་གཏོད་པ་དང་། རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་དར་རྒྱས་མཛད་པའི་བཙུན་ཞྭ་ཞིག་ཡིན་པས། ཕྱིས་དགེ་ལུགས་པའི་གྲུབ་མཐའ་འཛིན་མཁན་ལ་ཞྭ་སེར་ཅོད་པན་འཆང་བའི་ལུགས་ཞེས་འབོད་སྲོལ་ཆགས་ཡོད། ཞྭ་དམར་ནི་ཀརྨ་པ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེ་ཡོན་གོང་མའི་གདན་ཞུ་ལྟར་པེ་ཅིང་དུ་ཕེབས་ནས་དེ་གའི་འཕྲིན་ལས་བསྐྱངས་ཟིན་རྗེས་སོག་པོའི་རྒྱལ་ས་རྙིང་པར་ཕེབས་སྐབས་རང་གི་དངོས་སློབ་རྟོགས་ལྡན་གྲགས་པ་སེང་གེར་རིན་ཆེན་རྒྱན་གྱིས་སྤྲས་པའི་དབུ་ཞྭ་དམར་པོ་ཞིག་གནང་ནས་ཉིད་ཀྱི་སྐུ་ཚབ་ལྟ་བུར་བསྐུར་བས་དུས་དེ་ནས་བཟུང་ཁོང་གི་སྐུ་ཕྲེང་རིམ་བྱོན་ལ་ཀརྨ་ཞྭ་དམར་དུ་གྲགས། ཞྭ་ནག་ནི་ཀརྨ་པ་སྐུ་ཕྲེང་གཉིས་པ་པཀྵི་ལ་ཧོར་རྒྱལ་པོས་ཞྭ་ནག་གསེར་མདོངས་ཅན་ཞིག་ཕུལ་བས། ཕྱིས་ཀྱི་སྐུ་ཕྲེང་རིམ་བྱོན་ལ་ཀརྨ་ཞྭ་ནག་ཅན་དུ་གྲགས། ཡང《མཁས་པའི་དགའ་སྟོན》སོགས་ཆོས་འབྱུང་ཁག་གི་ནང་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་དགུང་ལོ་བཅུ་དྲུག་པར་ཆོས་འཁོར་ཀ་བྲག་ཅེས་པ་མདོ་སྨད་ཁུལ་གྱི་བཀའ་གདམས་པའི་དགོན་པ་ཞིག་ཏུ་རྔོག་ལོའི་སློབ་མ་ཏྲེ་བོ་མཆོག་གི་བླ་མ་ཞེས་པས་མཁན་པོ་དང་ཆག་སེང་གེ་བྲག་ཞུ་བས་སློབ་དཔོན་གནང་སྟེ་རབ་ཏུ་བྱུང་བ་དང་དཔལ་ཆོས་ཀྱི་གྲགས་པ་ཞེས་པའི་མཚན་གསོལ། གཙུག་ཕུད་བཞེས་པའི་ཚེ་ཡེ་ཤེས་ཀྱི་ཌཱ་ཀི་མ་དང་དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་ཀྱིས་མཁའ་འགྲོ་མ་བྱེ་བ་ཕྲག་སུམ་ཅུ་རྩ་གཉིས་ཀྱི་དབུ་སྐྲ་ཉག་མ་རེ་ལས་བྱས་པའི་ཞྭ་ནག་གི་ཅོད་པན་དབུ་ལ་གསོལ་ཏེ་དབང་བསྐུར། སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་གཅིག་བསྡུས་སུ་མཛད་པའི་ཕྱིར“ཀརྨ་པ”ཞེས་པའི་མཚན་གསོལ་བ་བླ་སློབ་ཀུན་གྱིས་གསན་གཟིགས་བྱུང་། དེ་ནས་བཟུང་དབང་རྟགས་ཀྱི་ཅོད་པན་དེ་དབུ་ལ་རང་གྲུབ་ཏུ་ཡོད་པ་ཡིན་ནའང་སྙིགས་དུས་ཀྱི་གདུལ་བྱ་སེམས་ཅན་རྣམས་མ་རིག་པའི་དུག་གསུམ་སྟོབས་ཆེ་བའི་དབང་གིས་མངོན་སུམ་མིག་གི་སྤྱོད་ཡུལ་དུ་མཇལ་སྐལ་དམན་པས། དེ་མཚོན་བྱེད་དུ་དབུ་ཞྭ་ནག་པོ་ཞིག་བཞེས་པ་དང་། ཡང་ཀུན་གྱི་མཐོང་སྣང་གི་ད་ལྟའི་དབུ་ཞྭ་ནག་པོ་དེའི་བྱུང་ཚུལ་ཡང་ཡོན་གོང་མའི་མདུན་དུ་བཞུགས་སྐབས་གོང་མའི་གཟིགས་སྣང་ལ་ཀརྨ་པའི་དབུ་ལ་དབུ་ཞྭ་ནག་པོ་ཞིག་བཞེས་པ་རྒྱུན་དུ་མཇལ་གྱི་ཡོད་སྟབས་དེ་ལ་དཔེ་བྱས་ཏེ་དབུ་ཞྭ་མཐོང་གྲོལ་དེ་ཉིད་ཕུལ་བས་དུས་དེ་ནས་བཟུང་ཚང་མས་མཇལ་རྒྱུ་ཡོད་པ་དེ་བྱུང་ཞེས་ཟེར། ད་དུང་དབུ་ཞྭ་དེའི་མདོག་མཐིང་ནག་དང་། རྩེ་མོ་གསུམ། སྒོ་གྲུ་བཞི། སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ་སོགས་ཀྱིས་ཆོས་ཉིད་འགྱུར་མེད་དང་། སྐུ་གསུམ་ལྷུན་གྲུབ། ཚད་མེད་བཞི་སོགས་སོ་སོར་མཚོན་པ་མ་ཟད། སྤྲིན་རིས་དང་། ཁྱུང་ཤོག ཉི་ཟླ་ནོར་བུའི་ཏོག་གིས་མཛེས་པར་བརྒྱན་པ་ནི་ཞྭ་ནག་མཐོང་བ་རང་གྲོལ་གྱི་ལོ་རྒྱུས་ཡིན་ལ་ཤོད་རྒྱུན་དེ་དམངས་ཁྲོད་དུ་ཡང་དར་ཁྱབ་ཆེ་ཙམ་ཡོད། ད་དུང་བོད་འདིར་དར་བའི་ཞྭ་ནག་གི་ཆམ་འཁྲབ་སྐབས་ཀྱང་ཞྭ་ཏོག་ཏུ་རྨ་བྱའི་སྒྲོ་བཙུགས་པའི་ཞྭ་མོ་ནག་པོ་ཆེན་པོ་ཞིག་གྱོན་ནས་ཆམ་རྒྱག་སྲོལ་ཡོད་པ་རེད། ད་དུང་གྲུབ་མཐའ་མི་འདྲ་བའི་དྭགས་ཞུ་དང་། ས་ཞུ། བོན་ཞྭ་སོགས་ཡོད་པ་དང་། འདྲ་བའི་ཆ་ནས་ཞྭ་མོ་ཆུ་སྲིན་གདོང་ཅན་དང་། བྱ་རོག་ཞྭ། རུས་སྦལ་ལྤགས་ཞྭ་སོགས་ཡོད། གང་ཟག་ལ་བལྟོས་ནས་བཏགས་པ་དཔེར་ན། བྱམས་ཆེན་ཆོས་རྗེའི་དབུ་ཞྭ་དང་། རས་ཆུང་དབུ་ཞྭ། འབྲུ་དགའ་སྡེའི་ཟོར་ཞྭ་སོགས་ཡོད། ད་དུང་གོ་དོན་དང་ལྡན་པའི་སྔགས་ཞྭ་དང་། གཏེར་ཞྭ། སྒོམ་ཞྭ་སོགས་རྩིས་ཀྱིས་མི་ཟིན་པ་ལྟ་བུ་ཡོད།JRY

2.jpgJRY

ས་གནས་མི་འདྲ་བའི་ཞྭ་མོ།JRY

དེ་ཡང་བོད་ས་གནས་སྲིད་གཞུང་སྐབས་ཀྱི་དཔོན་གནས་སོ་སོའི་ཞྭ་མོར་ཡང་ཧེ་བག་ཆེན་པོ་ཡོད་པ་དཔེར་ན། དཔོན་གནས་རིམ་པ་བཞི་པ་ཡན་གྱིས་ཞྭ་མོ་ལྕགས་མདའ་ཞེས་པ་དེ་གྱོན་ཆོག་པ་དང་། རིམ་པ་ལྔ་པ་མན་གྱིས་ཞྭ་འབོག་ཅེས་ཞྭ་མོ་སེར་པོ་སྒོར་སྒོར་ཞིག་གྱོན་གྱི་ཡོད། ད་དུང་ཞྭ་མཐོན་མཐིང་དར་ཕོད་ཅན་རྨ་བྱའི་སྒྲོ་ཕོད་རྒྱབ་ཏུ་འཕྱང་བ་ནི་ཆིང་རྒྱལ་རབས་ཀྱི་སྐབས་སུ་དཔོན་རིགས་རྣམས་ཀྱིས་གྱོན་པའི་ཞྭ་མོ་སྔོན་པོའི་མཐའ་ལ་པགས་པ་ནག་པོའམ་སྤུ་མ་ནག་པོའི་ཐོད་སྒོར་ཡོད་པ། ཞྭ་མོའི་སྟེང་སྟོང་སྐུད་དམར་པོའི་འཛར་དང་ཏོག་གི་གདན་མཚམས་ནས་རྨ་བྱའི་སྒྲོ་འཕྱང་བ་ཞིག་ཡོད་པ་དང་། དཔོན་རིགས་མཐོ་བ་རྣམས་ལ་བྱུ་རུའི་ཏོག་དང་སྒྲོ་ཕོད་གཉིས་རེ་ཡོད་པ་རེད། ས་ཆ་ཁག་ཏུ་གྱོན་པའི་ཞྭ་མོའི་རྒྱུ་ཆར་དར་གོས་དང་། པགས་རིགས། སྣམ་བུ། འགོ་སྣམ། ཕྱིང་པ། རས་དང་རྩྭ་རྩི་ཤིང་སོགས་ཡོད་ཅིང་། ཀོང་པོའི་ཁུལ་གྱི་བུད་མེད་ཚོས་སྣམ་བུ་དང་འགོ་སྣམ་ཐོག་གོས་ཆེན་གྱི་མཐའ་ཆགས་བཏང་བའི་ཞྭ་མོ་ཁ་དབྲག་ཡོད་པ་ཞིག་གྱོན་གྱི་ཡོད། འོན་ཀྱང་གཉེན་སྒྲིག་མ་བྱས་པའི་བུ་མོའི་ཞྭ་སྣེ་གཡས་ལ་སྟོན་པ་དང་གཉེན་སྒྲིག་བྱས་ཟིན་པའི་བུ་མོའི་ཞྭ་སྣེ་གཡོན་ལ་སྟོན་གྱི་ཡོད། འོན་ཀྱང་བུད་མེད་ལོ་45ཙམ་ལ་སོན་ན་ཞྭ་མོ་ཁ་དབྲག་ཅན་གྱོན་གྱི་མེད། ཀོང་པོའི་སྐྱེས་པ་ཚོས་བུ་མོའི་ཞྭ་མོ་དང་རྒྱུ་ཆ་གཅིག་མཚུངས་ཡིན་པའི་དཀྱིལ་མཐོ་ཞིང་དབྱིབས་སྒོར་གཟུགས་ཡིན་པ་དང་མཐའི་ཡར་སློག་གི་ཐོག་ཏུ་གོས་ཆེན་བཏང་ནས་མཛེས་ལ་དམིགས་བསལ་ཁྱད་ཆོས་ཀྱིས་ཕྱུག་པ་ཞིག་གྱོན་གྱི་ཡོད། ཀོང་པོ་བ་ཚོས་སྐྱེས་པའི་ཞྭ་མོར་རྒྱ་ཞྭ་འབོག་ཏོ་ཟེར་བ་དང་བུ་མོའི་ཞྭ་མོར་ས་ལིང་ཞེས་བརྗོད་ཀྱི་ཡོད། ཞྭ་མོ་དེ་རིགས་ཀོང་པོ་བ་ཕལ་ཆེ་བས་གྱོན་པ་དང་ལྷག་དོན་ལོ་གསར་སོགས་དུས་ཆེན་སྐབས་སུ་ཡིན་གཅིག་གྱོན་གྱི་ཡོད། སྤྱིར་བོད་མི་རིགས་ཀྱི་ཁྲོད་དུ་ཞྭ་མོའི་སྒྱུ་རྩལ་དར་ཁྱབ་ཆེ་བ་མ་ཟད། ལྷག་དོན་གཉེན་སྒྲིག་རྟེན་འབྲེལ་དང་། ལོ་གསར། དུས་ཆེན་ཆེ་རིགས་སོགས་ཀྱི་སྐབས་སུ་ངེས་པར་དུ་དགོས་པའི་གྱོན་པའི་རྣམ་གྲངས་ཤིག་ཡིན། འོན་ཀྱང་ས་ཆ་ཁག་གི་ཞྭ་མོའི་རྒྱུ་ཆ་དང་བཟོ་ལྟར་ཧེ་བག་ཆེན་པོ་ཡོད། ལྷ་ས་ཁུལ་དུ་བུ་མོ་ཚོས་རྟེན་འབྲེལ་སྐབས་སུ་ཞྭ་མོ་ཡང་ཞྭ་ཞེས་ཞྭ་མོ་རྒྱབ་མདུན་གཉིས་ལ་རྣ་བ་ཆེ་བ་རེ་དང་གཡས་གཡོན་གཉིས་ལ་ཆུང་བ་རེ་པགས་པའམ་སྤུ་མ་གྲ་རིང་གིས་བརྒྱན་པ་ཞིག་གྱོན་པ་དང་། དེང་སང་དབྱར་དུས་རས་ཞྭ་སྣ་ཚོགས་གྱོན་གྱི་ཡོད། བུ་ཚོས་དབྱར་ཁ་རྒྱ་གར་ཞྭ་མོ་ཞེས་རྒྱུ་ཕྱིང་པ་ལས་གྲུབ་ཅིང་། དཀྱིལ་མཐོ་ལ་མཐའ་སྣེ་རིང་བས་ཉི་འོད་འགོག་ནུས་ཆེ་བའི་ཞྭ་མོ་ལྷེབ་ལྷེབ་ཅིག་དང་ཕྱིང་ཞྭ་སྒོར་དབྱིབས་ཅན་གྱོན་པ་དང་། དགུན་ཁ་འཇའ་བཏང་པགས་བསློགས་དང་རྒྱུ་ཕྱིང་པ་སོགས་ལ་གོས་ཆེན་བཏང་བའི་ཐོག་ཨམ་ཅོག་ཆེ་ཆུང་བཞི་ལ་གྲ་རིང་བཏང་བའི་ཞྭ་མོ་ཚེ་རིང་སྐྱིན་ཁེབས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཞྭ་མོ་ཚེ་རིང་སྐྱིན་ཁེབས་བཟོ་བའི་བརྒྱུད་རིམ་ཧ་ཅང་རྙོག་འཛིང་ཆེ་ཞིང་། དང་ཐོག་ཕྱིང་པར་བཞའ་བརྒྱབ་རྗེས་མིའི་མགོ་བོ་དང་མཚུངས་པའི་འདྲ་གཟུགས་ལ་གཡོགས་ནས་ཉིན་2ནས་3བར་འཇོག་དགོས། དེ་ནས་སྐམ་པོ་ཆགས་རྗེས་གཞི་ནས་འཚེམ་ཆོག སྤྱིར་ན་ཞྭ་མོ་བཟོ་མཁན་བྱང་མ་གསུམ་གྱིས་ཉིན་རེར་ཞྭ་མོ་5ནས་6 བར་ལས་བཟོ་མི་ཐུབ་ལ་བྱིས་པའི་ཞྭ་མོ་བཟོ་སྐབས་འདྲ་གཟུགས་མེད་རྐྱེན་དེ་བས་བཟོ་ཁག་པོ་ཡོད། དེང་སང་སྤྱིར་ན་ཞྭ་མོ་རེར་རིན་གོང་སྒོར་500ནས་850བར་བྱེད་པ་དང་བྱིས་པའི་ཞྭ་མོར་སྒོར་500ཙམ་རི་ཡི་ཡོད།JRY

བོད་ལུགས་ཀྱི་ཞྭ་མོར་བོད་ཀྱི་གྱོན་ཆས་གཞན་དང་འདྲ་བར་མཆོར་སྒེག་དང་། རྒྱུ་ཆར་དང་དོད། ལས་སྣོན་ཞིབ་ཚགས། ཁུངས་མཐུག་པ་སོགས་ཀྱི་ཁྱད་ཆོས་ལྡན་པ་ཕུད། དེ་བས་གལ་ཆེ་བ་ཞིག་ནི་ཞྭ་མོའི་མཛེས་དཔྱོད་ཀྱི་ལྟ་བ་དང་། ས་ཁོངས་ཀྱི་ཁྱད་ཆོས། ལས་རིགས་བཅས་དང་དེ་བཞིན་སྤྱི་ཚོགས་ཀྱི་གནས་བབ་དང་། དབུལ་ཕྱུག ཆོས་ལུགས་གྲུབ་མཐའ་སོགས་མཚོན་གྱི་ཡོད་པས་བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་ལྟ་བུ་ཞིག་ཡིན། བོད་རིགས་ས་ཁུལ་གཞན་དང་འདྲ་བར་འབྲི་གུང་ཁུལ་དུ་ཡང་ཞྭ་མོ་སྣ་ཚོགས་ཡོད་པའི་ནང་ནས་ཡུལ་གྱི་ཁྱད་ཆོས་ལྡན་པའི་སྣམ་བུའི་ཞྭ་མོར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཤོད་སྲོལ་ལ་དུས་རབས་བརྒྱད་པའི་སྐབས་སུ་སློབ་དཔོན་པདྨ་འབྱུང་གནས་གཏེར་སྒྲོམ་གྲོང་ཚོར་ཕེབས་པས་ཡུལ་དེའི་དགེ་འདུན་པ་ཚོས་སློབ་དཔོན་གྱི་རྗེས་འཇུག་པའི་ཚུལ་དུ་ཚོས་མདོག་དམར་པོ་གཞིར་བྱས་པའི་ཐོག་གོས་ཆེན་སེར་པོ་དང་། མཐའ་སྒྲིལ་དུ་གསེར་སྐུད་བཏང་བའི་སྣམ་བུའི་ཞྭ་མོ་ཞིག་གྱོན་གྱི་ཡོད་པས། འབྲི་གུང་ཁུལ་གྱི་བུད་མེད་ཀྱི་སྣམ་བུའི་ཞྭ་མོའི་བཟོ་ལྟ་དེར་དཔེ་བལྟས་པ་ཞིག་ཡིན་ལ། ད་དུང་དམངས་ཁྲོད་ཀྱི་ཤོད་སྲོལ་གཞན་ཞིག་ལ་འབྲི་གུང་བཀའ་བརྒྱུད་ཀྱི་ཤིང་རྟའི་སྲོལ་འབྱེད་པ་སྐྱོབ་པ་འཇིག་རྟེན་གསུམ་མགོན་མཆོག་གིས་སློབ་དཔོན་པདྨའི་བཀའ་ལུང་ལྟར་འབྲི་གུང་གི་སྣམ་བུའི་ཞྭ་མོ་བཟོས་གནང་ཞིང་། བཟོ་རྒྱུན་ད་བར་མ་ཉམས་པར་གྲགས། གང་ལྟར་འབྲི་གུང་སྣམ་བུའི་ཞྭ་མོ་ནི་མཁའ་འགྲོ་མའི་དབུ་རྒྱན་དང་འབྲི་གུང་གི་སྲུང་མ་ཨ་ཕྱི་ཆོས་སྒྲོན་གི་དབུ་ཞྭའི་ཐོག་གི་རྒྱལ་བ་རིགས་ལྔའི་དབུ་རྒྱན་དང་ཧ་ཅང་འདྲ་པོ་ཡོད་ཅིང་། སྣམ་བུའི་དབུ་ཞྭ་དེའི་མཐའ་སྣེ་ལ་ལི་སྨི་7ཡས་མས་ཀྱི་གོས་ཆེན་བཏང་ཡོད། ཞྭ་ཏོག་གི་མཐའ་གཉིས་དང་དབུས་སུ་འཚེམ་དྲུབ་ཀྱི་རི་མོས་རྒྱལ་བ་རིགས་ལྔ་དང་རིགས་གསུམ་མགོན་པོ་མཚོན་པ་དང་། དབུས་ཀྱི་ཚོས་གཞི་ནག་པོ་དེས་དབུ་སྐྲ་མཚོན་པ། མེ་ཏོག་པདྨ་བརྒྱན་པ་དེས་དབུ་སྐྲར་རྡོ་རྗེ་ཕ་ལམ་བརྒྱན་པ་མཚོན། རྒྱབ་ངོས་སུ་རྭ་ཅོ་འདྲ་བ་གཉིས་ཡོད་པ་ནི་འབྲི་གུང་མཐིལ་མགོན་ཕྱག་འདེབས་སྐབས་ཡོད་པའི་སྤྲུལ་པའི་འབྲི་ཞིག་གི་རྭ་ཅོའི་མཚོན་དོན་ཡིན་པ་སོགས་ཀྱི་སྐོར་ཤོད་བཞིན་འདུག ད་དུང་ལོ་ན་ཆེ་ཆུང་མི་འདྲ་བར་ཞྭ་མོ་སྒོར་དབྱིབས་ལ་གོས་ཆེན་གྱི་སྐེད་ཆིངས་ཐོག་མེ་ཏོག་སྣ་ཚོགས་དང་རིགས་ལྔའི་དབྱིབས་ཀྱི་གོས་ཆེན་གྱི་འཚེམ་དྲུབ་རྣམ་པར་བཀྲ་བ་ཞིག་བརྒྱབ་ཡོད་པ་མ་ཟད། མེ་ཏོག་གྲ་རྒྱས་མིན་སྣ་ཚོགས་རང་ཉིད་ཀྱི་མོས་པ་ལྟར་འདེམས་ཆོག་གི་ཡོད་པ་རེད། དེ་ལྟར་གྱོན་མཁན་ཚོའི་ལོ་ཚོད་མི་འདྲ་བར་གཞིགས་ནས་ཞྭ་མོ་ཅུང་མི་འདྲ་བ་ཡོད་པ་དང་། དུས་ཆེན་དང་རྟེན་འབྲེལ་སྐབས་སུ་ཞྭ་མོ་དེ་རིགས་མེད་དུ་མི་རུང་བའི་གཟབ་མཆོར་གྱི་གྲས་ཤིག་ཡིན་ལ། ཞྭ་མོ་དེ་གྱོན་པའི་བུད་མེད་ཚོར་འབྲི་གུང་གི་སྲུང་མ་ཨ་ཕྱི་ཆོས་སྒྲོན་གྱིས་མགོན་སྐབས་གནང་གི་ཡོད་པའི་ཤོད་སྲོལ་ཡོད།JRY

འབྲི་གུང་སྣམ་བུའི་ཞྭ་མོ་སྤྱོད་མཁན་གཙོ་བོ་ནི་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་དང་། རྨམ་པ་ཤང་། ཉི་མ་ལྕང་རྭ་ཤང་བཅས་ཀྱི་བུད་མེད་ཚོས་གྱོན་ཞིང་། ད་ཆ་འཚེམ་བཟོ་བ་ཚོས་དུས་རབས་ཀྱི་དགོས་མཁོ་དང་བསྟུན་ནས་ལག་རྩལ་ལ་འགྱུར་ལྡོག་གཏོང་བཞིན་ཡོད། ད་དུང“མལ་གྲོ་གུང་དཀར་རྫོང་སྣམ་ཞྭ་སྲོལ་རྒྱུན་འཐག་ལས་ལས་སྣོན་མཉམ་ལས་ཁང”ཞེས་པ་ཞིག་བཙུགས་ཡོད་པ་དང་རྒྱུན་འཛིན་པ་བགྲེས་སོང་གཉིས་ཀྱང་ཡོད་པས་འབྲི་གུང་པའི་ཞྭ་མོའི་བཟོ་རྒྱུན་ལ་ཚེ་སྲོག་གི་འོད་སྣང་གསར་པ་ཞིག་རྒྱས་བཞིན་ཡོད།JRY

ད་དུང་ལྷོ་ཁའི་འཕྱོངས་རྒྱས་དང་། ཆུ་གསུམ། སྣེ་གདོང་གི་ཡར་སྟོད་ཁུལ་སོགས་ཀྱི་བུད་མེད་ཚོས་ཀྱང་གཉན་ཞྭ་ཞེས་པའི་ཞྭ་མོ་ཞིག་གྱོན་གྱི་ཡོད་པ་དེ་བཟོ་ལྟ་དང་། རྒྱུ་ཆ། ཁ་དབྲག་འདོན་སྟངས་སོགས་ཚང་མ་ཀོང་པོའི་བུད་མེད་ཀྱི་ཞྭ་མོ་དང་འདྲ་བའི་ཐོག་སྤྱི་གཙུག་ངོས་སུ་རིང་ཐུང་སོར་གང་ཙམ་ཡོད་པའི་གདན་གཞིའི་ཐོག་སྟེང་ཁེབས་གྲུ་བཞིའི་མཐའ་སྣེར་གཟེ་མ་ར་འགོ་འདྲ་བའི་ཟུར་བརྒྱད་དམ་བཅུ་གཉིས་ཡོད་པས། ལྟ་ན་སྡུག་ལ་སྒྱུ་རྩལ་གྱི་རིན་ཐང་ཡང་ཧ་ཅང་མཐོ་པོ་ཡོད།JRY

3.jpgJRY

རྣམ་གྲངས་མང་བའི་ཞྭ་མོ།JRY

བོད་འདིར་ཞྭ་མོའི་བྱེ་བྲག་ཧ་ཅང་མང་པོ་ཡོད་པའི་ནང་ལ་ལ་ནི་ཐོན་ཡུལ་གྱི་ངོས་ནས་བརྗོད་པ་དང་ལ་ལ་ནི་གང་ཟག་ལ་སྦྱར་ནས་མིང་བཏགས་ཡོད་པ་རེད། དཔེར་ན། དེ་སྔ་ལྷ་སའི་བུད་མེད་ཅུང་རྒན་པ་ཚོས་དབྱར་ཁ་ཞྭ་མོ་སྐལ་བཟང་བསིལ་གཡབ་ཅེས་པ་སྨྱུག་མའི་རྩིབས་རུས་ཅན་ལ་རྒྱུ་ཐེར་མ་དང་གོས་ཆེན་ཅི་རིགས་ལ་དཔྲལ་བའི་མདུན་ཕྱོགས་སུ་ཉི་སྒྲིབ་ཡོད་ཅིང་ཨོག་སྒྲོག་གིས་བཅིངས་པ་ཞིག་གྱོན་གྱི་ཡོད། དེ་ནི་ཏཱ་ལའི་བླ་མའི་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་དུས་སུ་དར་བར་གྲགས་པས་དེ་ལྟར་ཐོགས། ད་དུང་རྙིང་མ་བའི་བླ་སྤྲུལ་གྱི་ཁྲོད་དུ་དབུ་རྒྱན་པད་ཞྭ་ཞེས་པའི་དབུ་ཞྭ་དམིགས་བསལ་ཅན་ཞིག་ཡོད་པ་དེ་ནི་ཨོ་རྒྱན་པད་མ་འབྱུང་གནས་ལ་ཟ་ཧོར་རྒྱལ་པོས་ཕུལ་བའི་དབུ་ཞྭའི་ཞྭ་དབྱིབས་དངོས་སམ་ཆ་འདྲ་བས་ཡིན་ལ། སོག་ཞྭ་སོགས་ཀྱང་རྒྱུ་མཚན་དེ་ལས་མ་འདས། ཡུལ་དུས་ཀྱི་དབང་དུ་བརྗོད་ན། ཕུའི་འབྲོག་པ་རྣམས་ཀྱིས་ཞྭ་མོ་ཝ་ཞྭ་དང་ལུ་གུའི་ཚ་རུའི་ཞྭ་མོ་སོགས་གྱོན་པ་དང་། མདའི་རོང་པ་ཚོས་ཕྱིང་ཞྭ་དང་སྣམ་ཞྭ་སོགས་གྱོན་པ་མང་། བོད་ཤར་ལྷོའི་མི་ཚོས་ཞྭ་མོ་རྩྭ་ཞྭ་དང་སྨྱུག་ཞྭ་སོགས་གྱོན་རྒྱུར་དགའ་པོ་ཡོད་པ་ནི་ཐོན་ཁུངས་དང་གནམ་གཤིས་གཉིས་ཀར་འབྲེལ་བ་ཆེན་པོ་ཡོད།JRY

གང་ལྟར་བོད་ཀྱི་བཙན་པོ་རིམ་བྱོན་གྱིས་རྣམ་ཀུན་ལ་ཐོད་བཞེས་པ་དང་། དགྲ་དང་འཐབ་སྐབས་དབུ་རྨོག་བཞེས་པ་ནས་བཟུང་བོད་འདིར་ཞྭ་མོའི་རྣམ་གྲངས་གྲངས་མེད་དར་བས་ད་ཆ་ངོས་འཛིན་ཐུབ་པའི་ཞྭ་མོ་50ལྷག་ཙམ་ཡོད་པ་ནི་འཛམ་གླིང་མི་རིགས་འདྲ་མིན་ཁྲོད་དུ་གཉིས་སུ་མེད་པ་ཞིག་ཡིན་ལ། ཞྭ་མོ་དང་འབྲེལ་བའི་སྒྲུང་གཏམ་དང་ཞྭ་བཤད་སོགས་ཕུན་སུམ་ཚོགས་པོ་ཡོད། ཞྭ་མོའི་རིག་གནས་ནི་སྐར་ཆེན་ཞིག་དང་འདྲ་བར་བོད་ལྗོངས་ས་མཐོའི་མཚན་དགུང་དུ་བཀྲག་མདངས་ལྷམ་མེར་འཚེར་བཞིན་ཡོད།JRY

4.jpgJRY

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།