༄༅།། རྒྱུགས་ནི་སློབ་སྦྱོང་གི་སྐུལ་ལྕག་ཡིན།
སྤེལ་དུས།  2018-01-06  རྡེབ་ཚད།   ཡོང་ཁུངས། གླིང་སྲས་བོད་ཡིག་འཕྲིན་སྟེགས།  རྩོམ་པ་པོ། བོད་ཆང་།  རྩོམ་སྒྲིག་པ། lobsang

ཟླ་རྒྱུགས་ནི་ང་ཚོའི་སློབ་གླིང་གི་སྒྲིགས་གཞི་ཞིག་སྟེ་ཟླ་རེའི་མཚམས་ནས་རྒྱུགས་རེ་ལེན་བཞིན་ཡོད། ང་ཚོའི་རྒྱུགས་སྤྲད་ལ་ཉེ་བའི་ཉིན་བདུན་བརྒྱད་ཡར་སྔོན་དུ་དགེ་རྒན་ཚོས་ཀྱང་རྒྱུགས་ལ་ཐུག་རན་ཡོད་པས་དཔེ་ཆ་ཡག་པོ་ལྟོས་དང་ཟེར། དེ་མཚམས་དགེ་རྒན་གྱིས་ངས་དེ་རིང་རྒྱུགས་ལ་ཐུག་རན་པས་དཔེ་ཆ་ཡག་པོ་ལྟོས་ཟེར་དུས། ཁྱེད་རྣམ་པས་དཔེ་ཆ་ལྟ་རྒྱུ་དེ་རྒྱུགས་ཀྱི་ཆེད་དུ་ཡིན་ནམ་བསམ་སྲིད།  ཡིན་ཡང་དེ་རིང་ཁྱོད་ཀྱིས་རྒྱུགས་ཀྱི་ཆེད་དུ་དཔེ་ཆ་བལྟས་པའི་ཁྲོད་དུ་བློ་སྐྱེད་གསར་བ་ཅི་ཞིག་རྙེད་ན་དེ་ནི་རྒྱུགས་སྤྲད་ཚར་དུས་མེད་འགྲོ་རྒྱུ་ཞིག་མིན་པས་མ་འོངས་པར་ཁྱོད་ཀྱི་རྒྱུད་ལ་ཤ་འདྲིས་པག་འདྲིས་སུ་སོང་ཡོད། དེའི་ཕྱིར་ངས་དེ་འདྲ་བཤད་པ་ཡིན་ཟེར་ནས་བཀའ་སློབ་མང་ཙམ་གནང་སོང་། ཡིན་ཡང་ང་ནི་མ་འོངས་པའི་ཕྱོགས་སུ་འདང་རྒྱག་ཤེས་མཁན་ཞིག་མི་འདྲ་སྟེ། མ་འོངས་པ་གཅིག་པུ་ལ་བསམ་སྟེ་དཔེ་ཆ་བལྟས་མེད་པ་འདྲ།  དཔེ་ཆ་མ་ལྟས་ན་རྒྱུགས་ཡག་པོ་ཞིག་མི་འཕྲོད་པས་དགེ་རྒན་གྱིས་ཅི་ཞིག་བཤད་ཡོང་བསམ་པ་དང་རང་ཉིད་ལ་ངོ་ཚ་སོགས་འབྱུང་སྲིད། དེའི་ཕྱིར་ངས་ཀྱང་ད་རྒྱུགས་ལ་ཐུག་རན་ཡོད་འདུག་པས་དཔེ་ཆའི་ཐོག་ཏུ་ནུས་ཤུགས་སྔར་དང་མི་འདྲ་བ་ཞིག་འདོན་དགོས་འདུག་བསམ།  rSA

དེ་རིང་སྟེ་སྤྱི་ཟླ་དགུ་པའི་ཚེས་བཅུ་དགུ་ཉིན་ང་ཚོའི་སྔོན་དུ་བཤད་པའི་ཟླ་རྒྱུགས་དེ་ལ་ཁེལ་འདུག རྒྱུགས་འདི་ནི་ཟླ་རྒྱུགས་བཞི་པ་དེ་རེད་ལ་རྒྱུགས་སྤྲད་རྒྱུ་དེའང་འཆད་རྒྱུགས་རེད། རྒྱུགས་སྤྲོད་ཉིན་མོ་ནང་དུས་སྔ་མོར་ལངས་སྟེ། སྐྲག་སྣང་ངང་གོམ་པ་མདུན་དུ་སྤོ་བཞིན་རྒྱུགས་སྤྲོད་ར་བའི་ནང་དུ་སོང་། རྒྱུགས་རའི་ནང་དུ་རང་ཉིད་ཀྱི་མདུན་ངོས་སུ་དུས་ཚོད་འཁོར་བ་ལ་བལྟས་དུས་བདུན་པ་ཡར་མར་རེད་འདུག  དགེ་རྒན་རྣམ་པ་ད་དུང་ཕེབས་ཐུབ་མི་འདུག སློབ་གྲོགས་ཁ་ཤས་ཐོན་འདུག  ཁོང་རྣམས་ཀྱིས་ནང་ཕུན་ཚུན་བར་ལ་སྐད་ཆ་ལྡབ་ལྡོབ་ཞིག་སྨྲ་བཞིན་འདུགrSA

ང་འགྲམ་དུ་སོང་ནས་ཉན་རྗེས་ཁོ་ཚོས་དགེ་རྒན་ཡག་སྡུག་བཤད་བཞིན་འདུག ཁོ་ཚོའི་དགེ་རྒན་ཡག་སྡུག་འབྱེད་བྱེད་དེ། རྒྱུགས་སྤྲད་སྐབས་སུ་དགེ་རྒན་དག་གིས་རྒྱུགས་སྐར་སྦྱིན་མང་ཉུང་དང་དྲི་བ་འདྲ་མིན་མི་འདྲི་རྒྱུ་དེ་རེད། སྐབས་དེར་ང་སྐྲག་དྲག་པས་རྒྱུགས་སྐར་སྦྱིན་མང་ཉུང་ལ་ཅི་ཡང་བསམ་རྒྱུ་མི་འདུག ཡིན་ཡང་དྲི་བ་དྲིས་ཡོང་ན་ལན་འདེབས་ཤེས་མིན་ལ་དོགས་ཏེ་དྲི་བ་དྲིས་མ་ཡོང་ན་བསམ་རྒྱུ་དེ་རེད། ཅུང་མ་འགོར་བ་དགེ་རྒན་རྣམས་ཕེབས་སོང་། སློབ་གྲོགས་ཚོ་ཡང་ཚ་ཚ་འུར་འུར་ངང་རྒྱུགས་རའི་ནང་དུ་ཐོན་སོང་།དགེ་རྒན་གྱིས་འདོན་པ་ཅུང་ཙམ་གསུངས་ནས་ང་ཚོ་དངོས་སུ་རྒྱུགས་སྤྲོད་ལ་ཐུག་སོང་། ངས་ང་རང་ནམ་ཞིག་ཁེལ་ཡོང་མིན་ལ་བསམ་གཞིག་དང་ཐེ་ཚོས་ངང་ལུས་པོ་འདར་སིག་སིག་དང་བ་སྤུ་དག་ཚ་ཟིང་ཟིང་དུ་གྱུར་སོང་། ད་དུང་སེམས་ལ་འདངས་སྐྲག་ཅིག་སྐྱེས་སོང་། ཡུད་ཙམ་སོང་དུས་དངོས་སུ་རང་མིང་དེ་བོས་སོང་།  སྐབས་དེར་ངའི་མིང་འདི་གཞན་གྱིས་བོས་པ་དང་མ་འདྲ་བ་ཞིག་རེད་ལ་རྒྱུགས་རའི་གླིང་ཡོངས་ཁྱབ་ཡོད་པ་ལྟར་སྣང་སོང་། ད་དུང་སློབ་གྲོགས་ཚང་མས་ངའི་ཕྱོགས་སུ་བལྟས་འདུག་ལ་དགེ་རྒན་གྱིས་ཀྱང་ང་གང་ཞིག་ནས་ལངས་ཡོང་མིན་ལ་གཟིགས་འདུག    rSA

ང་མགྱོགས་པ་ལངས་ཏེ་དགེ་རྒན་གྱི་མདུན་ངོས་སུ་སྒྲེང་སྟེ་བསྡད་པ་ཡིན། དགེ་རྒན་གྱིས་འཕྲེང་བ་ཞིག་ལག་ཏུ་འཛིན་ཏེ་གཞུང་གི་མགོ་མཇུག་བར་གསུམ་གང་ནས་འགྲེལ་དགོས་མིན་ལ་རྒྱན་འཕང་སོང་། དེ་ནས་ང་དངོས་སུ་འཆད་རྒྱུགས་ལ་ཞུགས་པས་ཡོད་ཚད་ཀྱིས་ང་ལ་བལྟས་འདུག  ངས་རང་ཉིད་ཀྱི་ངོ་གདོང་དམར་པོར་གྱུར་ཡོད་པ་སྣང་སོང་ལ་ལུས་པོ་དག་ཚ་ཟིང་ཟིང་དུ་གྱུར་སོང་། ངས་སྐད་ཆེན་པོ་བྱེད་ནས་འགྲེལ་མི་སྤོབས་པས་སྐད་ཆུང་ཆུང་ངང་འགྲེལ་ཁུལ་བྱས།  ཡིན་ཡང་ངས་སྐད་ཆུང་ཆུང་བྱས་ནས་འགྲེལ་ན་ཡང་རང་ཉིད་ཀྱི་སྐད་ཆེན་རྒྱག་བཞིན་ཡོད་པ་སྣང་སོང་། ད་དུང་ཚང་མས་ངས་ཅི་ཞིག་བཤད་བཞིན་ཡོད་མིན་ལ་ཉོན་འདུག  rSA

རྒྱུགས་སྤྲད་ཚར་རྗེས་ཚང་མས་རྒྱུགས་ཅི་འདྲ་རེད་སོང་ཟེར་ནས་འདྲི་རྒྱུ་དེ་རེད། ངས་སྐྱོན་མ་སོང་ཟེར་ནས་ལན་བཏབ། སྐབས་དེར་རྒྱུགས་ཡག་གཙོག་དེ་སྐར་གྲངས་མང་ཉུང་དེ་ཙམ་འབྱེད་བཞིན་ཡོད། ཡིན་ཡང་རང་ཉིད་སྐྲག་དྲག་པས་སྐར་གྲངས་ཅི་ཙམ་ཡོད་མེད་ལ་ཉམས་མ་གཞག སློབ་གཉེར་བ་ཞིག་ལ་མཚོན་ན་ཆེས་སྐྲག་ས་དེ་རྒྱུགས་དེ་རེད། སློབ་གཉེར་བས་རྒྱུགས་ཀྱི་ཆེད་དུ་སློབ་སྦྱོང་བྱེད་ཀྱིན་མེད་ན་ཡང་། རྒྱུགས་ནི་སློབ་སྦྱོང་བ་ཞིག་ལ་མཚོན་ན་མེད་ཐབས་མེད་པ་ཞིག་སྟེ་སྐུལ་ལྕག་ལྟ་བུ་ཞིག་རེད་དོ།།rSA

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།