༄༅།། ང་དང་ངའི་སློབ་བུ་ཚོ།
སྤེལ་དུས།  2017-12-05  རྡེབ་ཚད།   ཡོང་ཁུངས། ཁམས་པའི་དྲ་བ།  རྩོམ་པ་པོ། དཔལ་མོ་རྒྱལ།   རྩོམ་སྒྲིག་པ། lobsang

ལོ་ངོ་གང་མང་ཞིག་གི་སྔ་རོལ་ཏུ། ཨ་ཕའི་ཡིད་ཆེས་དང་ཨ་མའི་སྨོན་འདུན་གྱི་ཁ་གཡང་ཁྲོད་ནས།  ང་ཡང་དཔེ་ཁུག་ཆུང་ཆུང་ཞིག་གི་བདག་པོར་གྱུར།  ཨ་མའི་སོར་རྩེ་ལས་བཟོས་པའི་དཔེ་ཁུག་ཆུང་ཆུང་དེའི་ནང་དུ།  ཞིང་གྲོང་གི་བུ་མོ་ཆུང་ཆུང་ཞིག་གི་དམ་བཅའ་དང་ལྷད་མེད་དྭངས་གཙང་གི་ཕུགས་བསམ་སྦས་ཡོད།7Pn

ལོ་ངོ་གང་མང་ཞིག་འདས་པའི་དེ་རིང་། ངས་མི་ལོ་ཉི་ཤུ་ལྷག་གི་རྒྱགས་ཕྱེ་ཁུར་ནས་དགེ་རྒན་གྱི་གར་སྟེགས་སུ་འགྲེང་དུས།  དགེ་རྒན་གྱི་མིང་བྱང་འདི་ནི་ཅི་འདྲར་རླབས་ཆེ་ཞིང་ཐེག་དཀའ་བ་ཞིག་རེད་ཨང་།  དུས་འདིར།  སྐྱུར་ཤ་འདྲེས་མའི་ཚོར་སྣང་ཟབ་མོ་ཞིག་གིས་ངའི་སེམས་ཀྱི་ཕྱི་ནང་གཉིས་ཀ་བརླན་བྱུང་།7Pn

ང་དང་སློབ་བུ་བཞི་བཅུའི་ལས་དབང་གི་མིག་མདའ་མི་ཡུལ་གྱི་གྲུ་ཟུར་ཞིག་ནས་འཕྲད་དུས།  ཆུ་ཤེལ་ལྟ་བུའི་མིག་མདངས་རེ་རེས།  ངས་རང་ཉིད་ཉམ་ཆུང་བ་དེའང་ཐོག་མར་རྟོགས་མགོ་བརྩམས།  ལོ་ཟླ་དེ་ལ་མི་བུ་བཞི་བཅུའི་འཚོ་བའི་སྐྱིད་སྡུག་ངའི་སེམས་ཀྱི་གཏད་ས་ཡིན།  ཕྱིར་དྲན་འདི་ལ་སློབ་བུ་བཞི་བཅུའི་དགོད་སྒྲ་ངའི་རྣ་བའི་མཉན་བྱ་ཡིན།  སྣང་བ་ཞིག་ལ་སློབ་བུ་བཞི་བཅུའི་འཛུམ་མདངས་ངའི་མིག་གི་འཚོ་ས་ཡིན།  ལས་དབང་གི་དམུ་ཐག་གཅིག་ལ་སྦྲེལ་བའི་སློབ་བུ་ཚོ།  རབ་དཀར་གྱི་ཆུ་འཛིན་བཞིན།  དྭངས་གཙང་གི་ཆུ་མིག་བཞིན།  ཚིག་རྩུབ་ཀྱི་དུག་མདས་ཁོ་ལག་མ་རྫོགས་པའི་ལུས་སེམས་རེ་རེ་ལ་ཕྱིར་དྲན་གྱི་རྨ་ཁ་བཟོ་མ་འདོད།  ང་དང་སློབ་བུ་བཞི་བཅུ།  དཔྱིད་གསུམ་ལྗང་མྱུག་གི་དབུས་ན་ཞིང་པ་དང་ས་བོན་བཞིན།  དབྱར་གསུམ་སྤང་ལྗོངས་ཀྱི་སྟེང་ན་རྫི་བོ་དང་ལུ་གུ་བཞིན།  སྟོན་གསུམ་གསེར་མདོག་གི་དབྱིངས་ན་རྨ་བྱ་དང་ཆུ་འཛིན་བཞིན།  དགུན་གསུམ་ཁ་བའི་ཀློང་ན་བྱ་མ་དང་བྱེའུ་བཞིན།7Pn

འདི་ལྟར། ང་དང་སློབ་བུ་བཞི་བཅུའི་ལྷན་འཛོམས་ཀྱི་ལོ་ཟླ།  འཇའ་ཚོན་གྱི་ཐག་རྒྱན་བཞིན།  སྐར་ཚོགས་ཀྱི་ལང་ཚོ་བཞིན།  སློབ་གླིང་གི་ཁུགས་སོ་རེ་རེ་ན་ང་ཚོའི་ཕྱིར་དྲན་གྱི་རྐང་རྗེས་འཁོད་ཡོད།  སློབ་ཁང་གི་གྲུ་ཟུར་རེ་རེ་ན་འདས་སོང་གི་གཏམ་རྒྱུད་ཁྱབ་ཡོད།  ང་ཚོས་འགྱོ ད་གདུང་གི་རྨ་ཁ་ལ་འཁང་ར་དང་ལེ་འདའ་མ་བྱས།  ང་དང་ངའི་སློབ་བུ་ཚོས།  ཉམས་མྱོང་དང་སྡོམ་ཚིག་གི་ཀློང་ནས་ཕུགས་བསམ་གྱི་ལས་འབྲས་སྒོམ་པ་ཡིན།  ལས་འབྲས་ཀྱི་དཀར་ནག་དབྱེ་ནས་རྡེའུ་དཀར་གྱི་རྡོ་འབུམ་བརྩིགས་པ་ཡིན།7Pn

ལོ་མ་ལ་སེར་ཐིག་ཆགས་ཤིང་། སེར་ཐིག་བབས་པའི་ལོ་མ་ས་རུ་ཟགས་པའི་སྟོན་མཇུག་གི་ནངས་མོ་དེར།  སློབ་བུ་ཚོས་མིག་ཆུ་དང་སྨོན་འདུན་གྱིས་ང་ལ་སྐྱེལ་མ་བྱེད་དུས།  རེ་སྒུག་དང་འཛུམ་མདངས་ཀྱིས་བསུས་པའི་ཐོག་མའི་ལྷན་འཛོམས་ཀྱང་དྲན་བྱུང་།  དུས་དེར།  ངས་ད་གཟོད་མི་དང་མིའི་བར་གྱི་འཁེང་སེམས་ཚོར།  འཁྲེང་སེམས་དེ་ལྗིད་ཏིག་ཏིག་གི་རྡོག་ཁྲེས་ཤིག་དང་འདྲ་བས།  ངས་ཅི་ནས་ཀྱང་འཁུར་མི་འདོད།  འབྲལ་ཁ་དེར།  ངས་ཁོ་ཚོར་སྨོན་འདུན་གྱི་ཁ་གཡང་ཚིག་གསུམ་ཞུས་ཡོད་དེ།  ལོ་ཟླ་ག་ཚོད་ཅིག་འགོར་པའི་དེ་རིང་།  ངའི་སློབ་མ་ཚོ་གཤོག་པའི་ཁོ་ལག་རྫོགས་པའི་བྱ་ཆེན་ཞིག་ཡིན་ན་བསམས།  མི་རིགས་ལ་ཤ་ཞེན་ཡོད་པའི་ཨ་མའི་བུ་རྒོད་ཅིག་ཡིན་ན་བསམས་སོང་།  ཕ་སྐད་ལ་དུངས་པ་ཟབ་པའི་གངས་རིའི་མཛངས་མི་ཞིག་ཡིན་ན་བསམས་ཡོད།7Pn

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།