༄༅།། བོད་ཀྱི་གནའ་ཉམས་རྩོམ་རིག་གི་སྒྱུ་རྩལ་མཛེས་ཆོས་ཀྱི་རྟོག་ཁམས་བཤད་པ།
སྤེལ་དུས།  2017-11-28  རྡེབ་ཚད།   ཡོང་ཁུངས། རྩེར་སྙེག  རྩོམ་པ་པོ། བཀྲ་ཤིས་ཕུན་ཚོགས།  རྩོམ་སྒྲིག་པ། lobsang

དང་པོ། བོད་ཀྱི་གནའ་ཉམས་རྩོམ་རིག་གི་ཁྱབ་ཁོངས།བོད་ཀྱི་ཤེས་རིག་བང་མཛོད་ཆེན་མོའི་ཁྲོད་ཚར་དུ་དངར་བའི་ངག་བཟོའི་སྒྱུ་རྩལ་གྱི་མཛེས་ཉམས་རིན་ཐང་ལྡན་པའི་རྩོམ་རིག་དེ་དག་ལས། གནའ་ཉམས་རྩོམ་རིག་གི་ཕྱོགས་ལ་ཤེས་རྟོགས་ཀྱིས་དེའི་ཕུལ་དུ་བྱུང་བའི་སྒྱུ་རྩལ་མཛེས་ཆོས་ཀྱི་གནད་དག་ལ་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་དུ་འབྲེལ་ཏེ་ཞིབ་དཔྱད་དང་མཐའ་དཔྱོད་ཀྱི་ལམ་ནས་སྲོལ་བཟང་རྒྱུན་འཛིན་དང་། སྙིགས་དོར་བཅུད་ལེན་བྱ་རྒྱུ་ནི་ང་ཚོ་རྗེས་རབས་པ་རྣམས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་སྙམ། དེ་ཡང་རང་རེ་བོད་ལ་མཚོན་ན་གནའ་ཉམས་རྩོམ་རིག་ནི་གཙོ་བོར་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་པ་དང་། ས་སྐྱ་པཎ་ཆེན་གྱི་བོད་ཡུལ་ལ་བསྔགས་པ་སོགས་ཀྱིས་མཚོན་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་ནས་བོད་ལ་འབྲི་སྲོལ་བྱུང་བ་དང་། སྙན་ངག་མེ་ལོང་མ་བོད་དུ་བསྒྱུར་རྗེས་དར་རྒྱས་ཆེན་པོ་བྱུང་བའི་ཁྱད་འཕགས་ཀྱི་སྐད་ཆའི་སྒྱུ་རྩལ་མངོན་ཞིང་། མཛེས་རྟོག་གི་ཉམས་དང་ལྡན་པའི་རྩོམ་གཤིས་ཁྱད་པར་ཅན་གྱི་བརྩམས་ཆོས་དག་ལ་གོ།འདིར་བཤད་པའི་གནའ་ཉམས་རྩོམ་རིག་ནི་གནའ་རབས་རྩོམ་རིག་དང་དོན་གཅིག་མ་ཡིན་ཏེ། གནའ་བོའི་རྩོམ་རིག་ཁྲོད་ཆེས་ཕུལ་དུ་བྱུང་བའི་དཔེ་མཚོན་རང་བཞིན་ལྡན་པའི་བརྩམས་ཆོས་དང་། བརྩམས་ཆོས་དེ་དག་གི་ལུགས་ལ་དཔེ་བྱས་ཏེ་གནའ་བོའི་ཕུལ་བྱུང་རྩོམ་རིག་གི་ཉམས་དག་མངོན་པར་ཐོན་པའི་གནའ་དེང་གི་རྩོམ་རིག་སྟེ་རྣམ་པ་དང་རྩོམ་ཉམས། རྩོམ་གཤིས། ཚིག་སྦྱོར་སོགས་ཁྱད་ཆོས་མཉམ་པའི་ཆ་གཙོ་བོར་བྱས་ནས་བཤད་པའི་བརྩམས་ཆོས་ཀྱི་རིགས་ལ་གོ་བ་ལས་དུས་ཀྱི་ཆ་ནས་དམིགས་སུ་དགར་བ་ཞིག་མ་ཡིན། གནའ་རབས་རྩོམ་རིག་ནི་འདས་ཟིན་པའི་ལུགས་སྟེ་ད་ལྟའི་ཆར་ལུགས་དེའི་རྣམ་པ་ལ་མཐོང་ཐོས་མྱོང་གསུམ་བྱེད་རྒྱུ་ཡོད་པའི་ལོ་རྒྱུས་ཀྱི་རྣམ་པ་ཙམ་ལས་ད་ལྟའི་རྩོམ་རིག་བརྩམས་ཆོས་དག་ལ་མི་གོ དེ་ཡང་གནའ་རབས་རྩོམ་རིག་ཟེར་བ་ནི་མ་གཞི་རྩོམ་ལུས་དང་རྣམ་པ། རྩོམ་གཤིས། ནང་དོན། རྒྱབ་ལྗོངས་སོགས་ཀྱི་ཁྱད་ཆོས་ཡོད་ཀྱང་། གཙོ་བོར་བརྩམས་ཆོས་བྱུང་བའི་དུས་སྔ་ཕྱིའི་སྒོ་ནས་དབྱེ་བ་ཡིན། ཡང་ཅིག་བཤད་ན་གནའ་ཉམས་རྩོམ་རིག་ལ་མ་གཞི་འབྲོམ་སྟོན་ནས་ད་ལྟའི་བར་ཞེས་དུས་ཀྱི་ཆ་ལ་བགོ་ལུགས་ཡོད་ཀྱང་དེའི་དམིགས་བྱ་གཙོ་བོ་ནི་རྩོམ་གྱི་ངོ་བོ་ཡིན་གྱི་དུས་ཀྱི་ཆ་དེ་མ་ཡིན་པས། གནའ་རབས་རྩོམ་རིག་དང་དབྱེ་འབྱེད་ངོ་བོའི་སྟེང་ནས་ཁྱད་པར་ཡོད། དཔེར་ན། ས་སྐྱའི་དུས་སྐབས་ཀྱི་སྙན་རྩོམ་འབྲི་སྟངས་ལྟ་བུ་དེང་སང་གི་མི་རྣམས་ཀྱིས་བྲིས་པ་མང་མོད། འོན་ཀྱང་དེ་དག་ནི་དུས་རབས་ཉེར་གཅིག་པའི་རྩོམ་རིག་བརྩམས་ཆོས་ཀྱི་ཁོངས་སུ་བསྡུ་བ་ལས་གནའ་རབས་རྩོམ་རིག་གི་ཁོངས་སུ་མི་འདུའོ། །དེ་བཞིན་དུ་གནའ་ཉམས་བརྩམས་ཆོས་འགའ་ཞིག་གནའ་རབས་རྩོམ་ཡིག་གི་གྲས་སུ་ཐེ་བ་དང་། འགའ་ཞིག་ནི་ཉེ་རབས་རྩོམ་ཡིག་གི་ཁོངས་སུ་གཏོགས་པ་དང་། འགའ་ཞིག་དེང་རབས་རྩོམ་ཡིག་གི་ཁོངས་སུའང་འདུའོ། །འོ་ན་གནའ་ཉམས་རྩོམ་རིག་ཟེར་བ་ཅི་ཞིག་ལ་ངོས་འཛིན་ནམ་ཞེ་ན། གོང་དུ་ཞུས་པ་ལྟར་སྒྱུ་རྩལ་བརྩམས་ཆོས་ཀྱི་ནང་དོན་དང་རྣམ་པའི་བར་གྱི་འབྲེལ་བར་གཞིགས་ཏེ། དུས་སྐབས་སོ་སོའི་ནང་གི་བརྩམས་ཆོས་དག་ལས་གནའ་རབས་ལ་སློབ་སྦྱོང་དང་གནའ་རབས་ལ་གོང་བཀུར། ལད་ཟློས། གནའ་རབས་ཀྱི་བརྩམས་ཆོས་གྲགས་ཅན་མིག་དཔེར་བཟུང་བའི་ཕུལ་བྱུང་བརྩམས་ཆོས་དག་ལ་གོ་བས་དེའི་ཚད་གཞི་འཇོག་སྟངས་དེ་ཀྲུང་ཕྱིའི་སྒྱུ་རྩལ་གཞུང་ལུགས་དག་ཏུ་སྤྱིར་གཅིག་མཚུངས་སུ་གནས། དེ་དང་འདྲ་བར་བོད་ཀྱི་གནའ་ཉམས་རྩོམ་རིག་ནི་སྙན་ངག་མེ་ལོང་མའི་གཞུང་གི་རྩོམ་སྟངས་གཞིར་བཟུང་བ་དང་སྔོན་བྱོན་འཕགས་བོད་སྙན་ངག་མཁན་གྱིས་མཛད་པའི་རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད་དང་ཀླུ་ཀུན་ཏུ་དགའ་བའི་ཟློས་གར། སྤྲིན་གྱི་ཕོ་ཉ། གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད། ཁྱད་པར་འཕགས་བསྟོད། བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད། གནས་བསྟོད་དབྱངས་ཅན་སྒེག་མོའི་གླུ་དབྱངས་སོགས་ཕྱི་ནང་མཁས་པ་རྣམས་ཀྱིས་མཛད་པའི་རྩོམ་རིག་གཞུང་ལུགས་ཀྱི་བསྟན་བཅོས་དང་། སྙན་ངག་ཆེན་མོ་དག་ལ་སློབ་སྦྱོང་དང་ཉམས་ལེན་ལས་བྱུང་བའི་ཕུལ་བྱུང་གི་བརྩམ་བྱ་དག་ལ་ཡིད་སྨོན་དང་། གོང་བཀུར་གྱི་ངང་དེ་དག་མིག་དཔེར་བཟུང་ནས། བོད་རང་ཉིད་ཀྱི་སྐད་དང་སྡེབ་སྦྱོར་དོན་མཚོན་སོགས་དང་མཐུན་པའི་གསར་གཏོད་རང་བཞིན་ལྡན་པའི་བརྩམས་ཆོས་ཏེ། མདོར་ན་གནའ་བོའི་ཉམས་ཀྱིས་ཕྱུག་ཅིང་མཛེས་ཆོས་ཀྱི་རིན་ཐང་ལྡན་པའི་བོད་ཀྱི་རྩོམ་རིག་བརྩམས་ཆོས་དག་ལ་གོ་དགོས་སོ། །འདིར་ཁོ་བོས་ཀྲུང་ཕྱིའི་མཛེས་རིག་ཞིབ་འཇུག་གི་ཐབས་ཤེས་ལ་དཔེ་བྱས་ཏེ་བོད་ཀྱི་འཚོ་བ་དངོས་ལས་བྱུང་བའི་གནའ་ཉམས་རྩོམ་རིག་གིས་སྒྱུ་རྩལ་གྱི་བདེན་དངོས་དང་དགེ་བའི་ཆོས་སྡུད་ཀྱི་ཐེག་པའི་བསམ་བློ་མངོན་ཐབས། དེ་ལས་སྣ་མང་ཕུན་སུམ་ཚོགས་པའི་རྒྱན་དང་། མཚར་སྡུག་ཡིད་དུ་འོངས་པའི་སྒྱུ་རྩལ་གྱི་སྣང་བརྙན། ཉམས་དང་ལྡན་པའི་མཛེས་སྡུག་རྣམ་པས་ཡོངས་སུ་ཕྱུག་པར་བྱེད་པའི་བདེན་དགེ་མཛེས་གསུམ་གྱི་རྣམ་གཞག་ལས། བོད་ཀྱི་གནའ་ཉམས་རྩོམ་རིག་ཐུན་མོང་དུ་ཡོད་པའི་མཛེས་ཆོས་ཁམས་ལ་ཅུང་ཟད་དཔྱད་ཞིབ་བྱེད་དོ། །    qZB

གཉིས་པ། གནའ་ཉམས་རྩོམ་གྱི་ནང་ཉམས་མངོན་པའི་ཕྱི་རོལ་གྱི་མཛེས་ཆ།སྤྱིར་ན་སྒྱུ་རྩལ་བརྩམས་ཆོས་གང་འདྲ་ཞིག་ཡིན་རུང་ཕྱིའི་རྣམ་པ་དང་ནང་གི་བརྗོད་བྱ་ཅན་ཞིག་ཡོད་དགོས། དེ་མིན་ན་བརྗོད་བྱའི་ནང་དོན་དེ་མངོན་པར་བྱེད་མི་ཐུབ་པས། ཧེ་གོར་མཛེས་དཔྱོད་རིག་པའི་ཁྲོད་དུའང་སྒྱུ་རྩལ་བརྩམས་ཆོས་ནི་མངོན་སུམ་དུ་འཆར་བའི་སྣང་བརྙན་བཞེང་སྐྲུན་བྱས་ཏེ་རྣམ་པ་དེ་ལ་བརྟེན་ནས་ཀློག་པ་པོའི་ཡིད་ངོར་རྩོམ་རིག་གི་བདེན་དངོས་དེ་མངོན་པར་བྱེད་པ་ཡིན་ནོ། །①ཞེས་གསུངས་པ་ལྟར་རྩོམ་རིག་ནི་ཕྱི་ཡི་ལུས་ཀྱི་བྱ་སྤྱོད་ཁ་ཡི་ཚིག །གདོང་དང་མིག་གི་རྣམ་འགྱུར་བརྗོད་པ་ལས། །ནང་སེམས་དགའ་སྡུག་ཆགས་སྡང་བག་ལ་ཉལ། །སྟོན་པའི་ཚིག་སྦྱོར་བྱང་ཁོག་ལྟ་བའི་ཤེལ། །②ཞེས་གསུངས་པ་ལྟར་ནང་དོན་དང་རྣམ་པ་དེ་བཞིན་སྲོག་དང་ལྡན་པའི་རྟེན་གཞི་གཉིས་ལས་གཙོ་ཕལ་གྱི་ཁྱད་པར་མེད་པར་ཕྱོགས་དེ་གཉིས་ཁ་འབྲལ་ཐབས་མེད་པར་རྟེན་འབྲེལ་དུ་གནས། དེ་ཡང་བོད་ཀྱི་གནའ་ཉམས་རྩོམ་རིག་ནང་སྒྱུ་རྩལ་གྱི་བདེན་དངོས་རང་བཞིན་གསར་གཏོད་དང་དེའི་ཁྲོད་མངོན་པའི་དགའ་སྐྱོ་ཆགས་སྡང་གི་བསམ་བློའི་ངང་ཚུལ"བདེན་པ"དང"དགེ་བ"དེ་གཅིག་གྱུར་བྱས་ནས། དེ་དང་འཚམ་པའི་རྣམ་པ་གསར་གཏོད་ཀྱི་མཛེས་ཚོར་ཕྱིར་མངོན་པར་མཚོན་རྒྱུ་ནི་གལ་ཆེར་འཛིན་ལ། རྣམ་པ་དེ་བཞིན་སྒྱུ་རྩལ་གསར་གཏོད་ཀྱི་མཐའ་མཇུག་གི་ལས་ཀ་ཞིག་ཡིན་པར་ངེས། དེའི་རྒྱུ་མཚན་ནི་བརྗོད་བྱ་དེ་རང་གི་རྣམ་པའི་སྟེང་ནས་མངོན་དགོས་པས་སོ། །དེ་ཡང་མ་ཡིག་གི་གཏམ་དང་བརྗོད་པ་སོགས་ཀྱི་སྐད་ཆའི་སྦྱོར་ལུགས་དང་ལུས་ཀྱི་སྒྲིག་གཞི། རྣམ་པའི་གྲུབ་ཆ་ལ་གཞིགས་ན། བོད་ཀྱི་གནའ་ཉམས་རྩོམ་རིག་ནི་དཔང་ཊཱིཀ་ལས། སྔོན་གྱི་སློབ་དཔོན་དེ་རྣམས་ཀྱིས་སྙན་ངག་གི་ལུས་ཚོགས་པའི་ངོ་བོ་དང་། དེ་མཛེས་པར་བྱས་པའི་རྒྱན་ཡང་བསྟན་ཅིང་གསལ་བར་བྱས་སོ། །③ཞེས་པ་ལྟར་རྒྱན་གྱི་ཆ་གཙོ་བོར་འཛིན་ལ་འཇུ་མི་ཕམ་རིན་པོ་ཆེས་ཀྱང་། སྨྲ་བའི་ཚིག་རྣམས་ལ་ཡིད་དུ་འོང་བའི་ཉམས་ཀྱི་ཁྱད་པར་བཏོན་པའི་ཐབས།④ ཞེས་གསུངས་པ་བཞིན་འཕགས་ཡུལ་རྩོམ་རིག་གཞུང་ལུགས་ཀྱི་རྐྱེན་ལས་བོད་དུའང་རྒྱན་དེ་བརྩམས་ཆོས་ཀྱི་ཆེས་མཐོའི་མཛེས་ཉམས་ཤིག་ཏུ་ངེས་པའི་ལྟ་ཚུལ་མཆིས།དེ་ཡང་མཛེས་རིག་གི་ཆ་ནས་བཤད་ན་རྩོམ་རིག་གཙོས་པའི་སྒྱུ་རྩལ་གྱི་རིགས་ཐམས་ཅད་གསར་གཏོད་བྱེད་པའི་བརྒྱུད་རིམ་དེ་ནི་རྩོམ་པ་པོས་དངོས་ཡོད་འཚོ་བའི་ཁྲོད་མཐོང་ཐོས་མྱོང་གསུམ་བྱུང་བ་རྣམས་ལ་རྒྱུས་མངའ་དང་བསམ་གཞིགས། ཤེས་རྟོགས་ཀྱིས་སླར་ཡང་རྩོམ་རིག་སྒྱུ་རྩལ་གྱི་ལམ་ནས་མངོན་པར་བྱས་པ་ཞིག་སྟེ། ཕྱི་རོལ་ཡུལ་ནས་ནང་སེམས་དང་སླར་ནང་སེམས་ནས་ཕྱིར་དབྱུང་བའི་བརྒྱུད་རིམ་ཞིག་ཡིན་པས། དེས་ན"རྩོམ་རིག་སྒྱུ་རྩལ་ཞེས་པ་སྒྲིག་བཟོའི་བརྒྱུད་རིམ་ཞིག་ཏུ་ངེས་ཏེ། གཟུགས་མེད་ནས་གཟུགས་ལྡན། ཐར་ཐོར་ནས་གཅིག་སྡུད། རྙོག་འཛིང་ནས་རིམ་ཅན་དུ་སྒྲིག་བཟོ་བྱེད་པའི་བརྒྱུད་རིམ་ཞིག་གོ"⑤ དཔེར་ན་རྣམ་ཀུན་མི་རྣམས་ཀྱིས་སྨྲ་བའི་སྐད་ཆ་དག་བོད་མཁས་པ་དང་གཙང་སྨྱོན་ཧེ་རུ་ཀ ཞང་ཞུང་ཆོས་གྲགས། རྗེ་ཙོང་ཁ་པ། འབྲུག་པ་ཀུན་ལེགས། རྒྱལ་དབང་ལྔ་པ། རྗེ་བཙུན་མི་ལ། དགེ་ཆོས་སོགས་སྙན་ངག་མཁན་གྱི་ལག་ཏུ་སོན་ཚེ་ཁྱད་དུ་འཕགས་པའི་རྩོམ་རིག་གི་མཛེས་ཆོས་མངོན་ཐུབ་པ་ཡང་། དོན་དངོས་ཐོག་སྙན་ངག་མཁན་ནི་སྒྱུ་རྩལ་གྱི་རྣམ་པ་གསར་རྙེད་དང་སྒྲིག་བཟོ་བྱེད་མཁན་ཞིག་ཡིན་པས། འབྲུག་ཁམས་སྤྲུལ་མཆོག་ནས་ཀྱང་སྙན་ངག་རིག་པ་དེ་བཟོ་རིག་ལས་ངག་བཟོའི་ཁོངས་སུ་བཞག་པ་ཡང་དོན་དང་ལྡན་པར་སྙམ།དེ་བཞིན་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཐ་སྙད་ལ་ནི་མ་བརྟེན་པར། དམ་པའི་དོན་ནི་མི་སྟོན་ཕྱིར་ཞེས་གསུངས་པ་ལྟར། རྩོམ་རིག་གི་ཁྱད་འཕགས་རང་བཞིན་ངག་གམ་སྐད་ཆའི་ལམ་ནི་རང་སོའི་སེམས་རོས་ཀྱི་འགྱུར་བག་དང་ནང་གི་མཛེས་པ་མངོན་ཕྱིར་ཡིན་པས། རྣམ་པ་དེ་མངའ་དོན་དང་འཚམས་པའི་སྐད་ཆའི་སྦྱོར་བ་ཁྱད་དུ་འཕགས་པ་ཞིག་ལྡན་དགོས་ཏེ། དཔེར་ན་བོད་ཀྱི་གནའ་ཉམས་རྩོམ་རིག་ཁྲོད་དགུ་རོང་བློ་བཟང་འཕྲིན་ལས་ཀྱི་དབྱངས་ཅན་མའི་རྟོགས་བརྗོད་ནང་། སྔོ་སངས་མཛེས་མའི་སྒྱུ་སྐར་འོག་པག་ཇི་བཞིན་གེ་སར་འཛུམ་ལྡན་ཆུ་སྐྱེས་ཚོགས། །ཉ་ཡིས་བསྐྱོད་པ་དགའ་མས་རེག་པའི་འདོད་ལྡན་དག་ནི་འདར་བའི་རྣ་ལུང་བཞིན། །ཁྱབ་འཇུག་རྨ་བྱའི་སྒྲོ་ཡི་འོད་ལ་འཕྱ་བ་རིན་ཆེན་འོད་ཀྱི་ཟེར་མ་དེ། །མར་ཀ་ཏ་ཡི་འབབ་སྟེགས་དང་ལྡན་སྐྲ་མཚམས་ནོར་བུས་མཛེས་ལྡན་ཀླུ་ཡི་ནི། །ན་ཆུང་དག་ནི་ལུས་ཕྱེད་མངོན་འཕགས་གདུབ་སིལ་འཁྲོལ་བཞིན་ཟུར་མིག་འཕེན་ཞིང་རྩེན། །ཞེས་ལྷ་མོ་དབྱངས་ཅན་མའི་འཇོ་སྒེག་གི་ལང་ཚོ་དང་ལྡན་པའི་ལུས་དང་བཞིན་གྱི་མཛེས་ཉམས་ལ་འཇིག་རྟེན་སྐྱེ་རྒུའི་ཡིད་དབང་མེད་དུ་འགུལ་བའི་དོན་དེ་རྒྱན་དང་སྡེབ་སྦྱོར། དབྱངས་ཀྱི་འགྱུར་ཁུག་ཆེས་མངོན་པར་ཐོན་པའི་སྒྱུ་འཕྲུལ་ལྟར་གྱི་སྐད་ཆའི་རྩལ་བེད་སྤྱད་པ་དེ་ལྟ་བུ་ལས་བོད་ཀྱི་གནའ་ཉམས་རྩོམ་རིག་གི་རྨད་དུ་བྱུང་བའི་སྒྱུ་རྩལ་གྱི་བྲོ་ཉམས་དང་མཚར་སྡུག་གི་རང་བཞིན་དེ་ངམ་ཤུགས་སུ་རྟོགས་ཐུབ།མེ་ལོང་མར་སྙན་ངག་མཛེས་པར་བྱེད་པ་ཡི། ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད། ⑥ཅེས་དང་། བྷ་མ་ཧའི་རྒྱན་གྱི་བསྟན་བཅོས། "ཀཱ་བྱཱ་ལང་ཀཱ་ར"ནང་། སྙན་པའི་ཡོན་ཏན་མི་འབྱུང་ན། རྒྱན་གྱི་ཉམས་དེ་མངོན་མི་འགྱུར་ཞེས་གསུངས་པ་ལྟར། དཔེར་ན་འཇུ་མི་ཕམ་གྱི་སྙན་རྩོམ་ནང་ཆུ་དང་ལྡན་པའི་པདྨ་གཞོན་ནུ་འདི། །ཆུ་འཛིན་དབང་པོའི་རྗེས་སུ་མཐུན་བྱེད་ཅིང་། །ཆུ་ཤེལ་གནས་བཟང་རྣམ་པར་བཀྲ་བ་ན། །ཆུ་བཅུད་ཆང་གིས་མྱོས་བཞིན་བདེ་བར་ཟིམ། །ཞེས་པ་ལས་བརྗོད་བྱའི་དོན་མཚོན་པ་ཁོ་ན་མ་ཡིན་པར། ཚིག་གི་སྦྱོར་བ་ཕུན་སུམ་ཚོགས་པས་ཐོས་པ་ཙམ་གྱིས་ཡིད་ཆགས་པར་བྱེད་པ་དེ་ནི་སྙན་པ་ཉིད་དུ་གྲུབ་པ་ལྟ་བུ་སྟེ། སྤྱི་ཚོགས་ཀྱི་རྣམ་པར་རིས་འབྲི་དང་རྟོག་བཟོ། སྒྲོ་འདོགས་སོགས་འཁྱོག་བརྗོད(ཐ་སྙད་དེ་ནི་བྷ་མ་ཧའི་སྙན་གཞུང་དུ་ཐོག་མར་བྱུང་ཞིང་རྒྱན་ཡིན་ན་ཐམས་ཅད་འཁྱོག་བརྗོད་ཡིན་པའི་ལྟ་བ་འཛིན། རྗེས་སུ་སློབ་དཔོན་དབྱུག་པ་ཅན་གྱིས་ཀྱང་ཐ་སྙད་དེ་བེད་སྤྱད་ནས་རང་བཞིན་བརྗོད་པ་ཕུད་དེ་བྱིངས་ཀྱི་རྒྱན་ཚང་མ་འཁྱོག་བརྗོད་དུ་ངེས།)ཀྱི་མཚོན་ཐབས་དག་དང་། འཇམ་རྩུབ་གཉིས་ལྡན་གྱི་མངོན་བརྗོད་དང་ཞེ་ཚིག་སོགས་ཡིད་དབང་འཕྲོག་པའི་ཚིག་གི་སྡེབ་སྦྱོར་སྤྱད་པ་སྟེ། "འཁྱོག་པོར་བརྗོད་པའི་ཚུལ་གྱིས་གྲོང་པའི་ཚིག་གི་ངག་དོན་བསྒྲིབས་ཏེ། སྙན་ངག་གི་རོ་ཉམས་དང་ལྡན་པར་བྱས་སོ"⑦ཞེས། རྒྱན་ནི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གསར་གཏོད་ཀྱི་རྨང་གཞིའི་ཐབས་ལམ་མམ་སྲོལ་རྒྱུན་གྱི་རང་བཞིན་ཡིན་ལ། དེ་ནི་རྩོམ་པ་པོའི་བསམ་པའི་ཀུན་སློང་འོག་མཛེས་སྡུག་ཡིད་དབང་འཕྲོག་པའི་དངོས་པོ་སྣ་ཚོགས་སམ། ཡང་ན་རིན་ཐང་ལྡན་པའི་དངོས་པོ་གང་ཞིག་གི་ཁྱད་ཆོས་རྣམས་ཕུལ་དུ་བྱུང་བའི་ཆོས་གཞན་ཞིག་གི་སྟེང་དུ་སྦྱར་ཏེ། ཆོས་གང་དེའི་ཁྱད་འཕགས་ཕུན་སུམ་ཚོགས་ཤིང་། མཚར་སྡུག་ཡིད་དུ་འོང་བའི་མཛེས་ཆོས་ཀྱི་རྣམ་པ་དེ་སྟོན་པར་བྱེད། དཔེར་ན། གུང་ཐང་བསྟན་པའི་སྒྲོན་མེའི་སྙན་རྩོམ་ནང་། ལྷོ་ཡི་རླུང་གིས་བསྐྱོད་པའི་ཙན་དན་གྱི། །ལྗོན་པའི་ཚོགས་རྣམས་ཡལ་འདབ་གཡོ་བ་ནི། །གྲུབ་རིགས་ཚོགས་ཀྱི་བསྟི་གནས་འདིའོ་ཞེས། །དྲང་སྲོང་ཆེ་རྣམས་མགྲོན་དུ་འབོད་པ་འདྲ། །ལྟ་བུ་རྒྱན་ཅི་རིགས་པ་སྤྱད་པའི་བརྩམས་ཆོས་མང་ངོ་། །གལ་ཏེ་དེ་ལྟར་མིན་པར་མཐོང་ཐོས་ཇི་མ་ཇི་བཞིན་དུ་བཀོལ་བའི་རྒྱུན་སྤྱོད་རྩོམ་རིག་གི་རྣམ་པ་དེ་ལྟ་བུ་སྤྱད་ན། བརྩམས་ཆོས་ཁྲོད་ཀྱི་སྣང་བརྙན་གསར་བཞེངས་ལ་ནུས་པ་བསྐྲུན་མི་ཐུབ་པས་མཛེས་རྟོགས་མཁས་པ་རྣམས་ཀྱིས་སྤོང་བར་བྱེད། གོང་གི་དེ་དག་ལས་སྣ་མང་ཕུན་སུམ་ཚོགས་པའི་རྒྱན་གྱིས་བརྒྱན་ཞིང་ལུས་མཛེས་པར་བྱེད་པ་དེ་བོད་ཀྱི་གནའ་ཉམས་རྩོམ་ལ་ཡོད་པའི་ཁྱད་འཕགས་ཀྱི་མཛེས་ཆ་ཞིག་ཡིན་ནོ། ། ⑦འོན་ཀྱང་དེ་ལས་བོད་ཀྱི་གནའ་ཉམས་རྩོམ་དེ་རྣམ་པ་རིང་ལུགས་ཀྱི་ཁོངས་སུ་བརྩི་ན་མི་རུང་བས་གཤམ་ནས་མུ་མཐུད་བརྩམས་ཆོས་ཀྱི་མཛེས་ཆོས་གཞན་རྣམས་བཤད་པར་བྱའོ། ། qZB

གསུམ་པ། གནའ་ཉམས་རྩོམ་ལས་ཆགས་སྡང་བྲོ་ཉམས(ཀཾཊྱཻ)ཀྱི་མཛེས་པ།སྒྱུ་རྩལ་ནི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་ངམ་དུང་ཞེན་མངོན་པ་ཙམ་མ་ཟད་རྩོམ་པ་པོས་དགའ་སྐྱོ་ཆགས་སྡང་དེ་བརྒྱུད་ནས་རང་ཉིད་ཀྱི་ལུགས་གཉིས་ལ་འཛིན་པའི་ལྟ་ཚུལ་དེ་མཚོན་པ་ཞིག་ཡིན། དེ་ཡང་སཱུ་སྲན་ལང་ཀིས(ཋྲུམཽཾ•ཌྷྀཐཾ)རྩོམ་རིག་སྒྱུ་རྩལ་ནི་དགའ་སྐྱོ་ཆགས་སྡང་མངོན་པའི་རྣམ་པ་ཡིན་པ་ཙམ་མ་ཟད་སྒྱུ་རྩལ་བརྩམས་ཆོས་ཐམས་ཅད་ཀྱང་ནང་སེམས་ཀྱི་འགྱུར་བ་མངོན་པའི་རྣམ་པ་ཞིག་ཏུ་ངོས་འཛིན། ⑧ བོད་ཀྱི་རྩོམ་རིག་སྒྱུ་རྩལ་ངོས་ནས་བཤད་ན། མེ་ལོང་མའི་བསྟན་བཅོས་ལས་དགའ་དང་སྒེག་ཅེས་ཉམས་བརྒྱད་དུ་གྲགས་པ་དེ་ནི་སཱུ་སྲན་ལང་ཀིའི་ལྟ་ཚུལ་དང་མཐུན་ནོ། །དེ་དོན་ཉམས་ནི་མ་གཞི་མེ་ལོང་མའི་ནང་རྒྱན་གྱི་རྣམ་གྲངས་ཤིག་ཏུ་བཤད་ཡོད་ཀྱང་ཉམས་ལྡན་ནི་དམིགས་བསལ་རྩོམ་རིག་གི་ཉམས་དང་འགྱུར་བ་ཞེས་ཆགས་སྡང་གི་ཁོངས་སུ་ཚུད་པས་ལེ་ཚན་འདིའི་ནང་དྲངས་ཡོད་དོ། །གཞན་ཡང་རྩོམ་རིག་ལས་མངོན་པའི་ཆགས་སྡང་ནི་རྩོམ་པ་པོ་རང་ལ་དབང་བའི་དུང་ཞེན་དང་ཆགས་སྡང་ཁོ་ན་མ་ཡིན་པར། རྩོམ་པ་པོས་ཤེས་རྟོགས་བྱུང་བའི་མི་རིགས་སྤྱི་ལ་ཡོད་པའི་ཆགས་སྡང་ཞིག་རེད། དཔེར་ན། སྔོན་གྱི་ནང་མའི་གཞས་ཚིག་རྒྱལ་རྩེ་ལྷ་གཡག་གཞོལ་པ་ཞེས་པའི་ནང་དུ་"རྒྱལ་རྩེ་གཡུ་གཞོང་ཕྲ་མོ། །ཕྱི་གླིང་སེར་བྱས་ཁེངས་བཞག །ཨེ་མ་དེ་འདྲ་མཐོང་དུས། །བསགས་པའི་ནོར་གྱིས་གང་ཡོང་། །"ཞེས་པ་ནི་དབྱིན་ཇིས་བོད་ལ་བཙན་འཛུལ་བྱས་པ་དེ་ལས་སྐབས་དེའི་བོད་མི་དམངས་ཀྱི་སྐྱོ་སེམས་སྒྱུ་རྩལ་གྱི་སྟེང་ནས་མངོན་པར་བྱས་ཡོད། ཡང་གཅིག་བཤད་ན་ཁོང་གིས་སྒྱུ་རྩལ་ནི་མི་རིགས་སོ་སོ་བའི་ཞེན་ཆགས་དང་བརྩེ་དུང་དེ་བརྡ་རྟགས་ཀྱི་རྣམ་པ་ལ་བརྟེན་ནས་གསར་རྩོམ་བྱས་པ་ཞིག་ཡིན།⑨ ཞེས་སོ་སོ་སྐྱེ་བོའི་ནང་སེམས་ཀྱི་འགྱུར་བ་དེ་ལུས་ངག་གི་ཉམས་ལས་རྣམ་པར་ཐོན་པ་ཞིག་ལ་ངོས་འཛིན་ནོ། །དེ་ཡང་བྷ་ར་ཏའི་ཟློས་གར་བསྟན་བཅོས་ཀྱི་ལེའུ་དང་པོའི་ནང་བདག་གིས་བྱས་པའི་བསྟན་བཅོས་ཉིད། །ཉམས་དང་འགྱུར་བས་ལེགས་གཏམས་ཞིང་། །སྲིད་ཞིའི་ཕུན་ཚོགས་གཞིར་བླངས་ནས། །ལད་ཟློས་བཞིན་དུ་འཇིག་རྟེན་མཚོན། ། ཞེས་པ་ལྟར། བོད་ཀྱི་མཛེས་རྟོག་བྲོ་ཉམས་དེ་སྔར་བོད་རང་གི་བསམ་པའི་ལྟ་ཚུལ་གྱི་རྨང་གཞིའི་སྟེང་། རྒྱ་གར་བའི་མཛེས་རིག་གི་བསམ་བློ་མང་དག་ཅིག་ལ་མཐའ་དཔྱོད་རང་བཞིན་ལྡན་པའི་ངང་ནས་ཚུར་བླངས་ཡོད་པས། དེའི་གནད་རྣམས་ནི་བོད་ཀྱི་བརྩམས་ཆོས་གྲགས་ཅན་དག་ལས་མཚོན་ནུས་ཏེ། དཔེར་ན་དགེ་བཤེས་ཤེས་རབ་རྒྱ་མཚོའི་རྗེ་བླ་མའི་བསྟོད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ་ཞེས་པ་དེ་ཡང་མཐོ་བཙུན་གྲུབ་རྗེའི་ཁྱད་པར་འཕགས་བསྟོད་དང་བདེ་བྱེད་བདག་པོའི་ལྷ་ལས་ཕུལ་བྱུང་ལ་དཔེ་བྱས་ཏེ་བྲིས་པ་ཞིག་ཡིན་པས། དེ་དག་གི་ཉམས་དང་འགྱུར་བ་བརྗོད་སྟངས་སོགས་སྤྱིའི་ཆ་ནས་མཚུངས་པར་མངོན་པ་དེ་ལས་གནའ་བོའི་ཉམས་དང་ལྡན་པ་དེ་སྔར་བས་གསལ་བར་མཐོང་ཐུབ་ལ། དེའི་སྐོར་གྱི་མཚོན་ལུགས་རྣམས་བོད་ཀྱི་རྩོམ་རིག་བརྩམས་ཆོས་གཞན་གྱི་ནང་དུའང་གསལ་པོར་མངོན་ཡོད་དོ། །བོད་ཀྱི་གནའ་ཉམས་རྩོམ་རིག་ནང་སྒེག་དང་དྲག་ཤུལ་དཔའ་བ་དང་། སྙིང་རྗེ་མི་སྡུག་ངོ་མཚར་བཞད་གད་འཇིགས་རུང་ལྟ་བུ་ནང་སེམས་ཀྱི་འགྱུར་བ་མངོན་པར་བྱེད་རྒྱུ་དེ་གཙིགས་སུ་འཛིན་ལ། སྙན་གཞུང་ནང་བཤད་པའི"བྲོ་ཉམས"ཀྱི་གཞུང་ལུགས་དེ་དག་གནའ་ཉམས་རྩོམ་རིག་གི་བརྩམས་ཆོས་ཁྲོད་དུ་ལྷག་པར་སྤྱད་ཡོད་པས་རྒྱ་ཆེའི་ཀློག་པ་པོར་བརྩམས་ཆོས་གཟིགས་འདོད་ཀྱི་ཚ་རླབས་འཕྱུར་ཞིང་ཡིད་དབང་འཕྲོག་པའི་སྒྱུ་རྩལ་གྱི་རྣམ་པ་དེ་རྗེན་པར་མངོན། དཔེར་ན་དགེ་འདུན་ཆོས་འཕེལ་གྱི་མི་རྟག་དྲན་པའི་གསུང་མགུར་ནང་། རི་བོ་སྒང་དྲུག་ལྗོངས་ནས་རི་དྭགས་བཞིན་འཁྱམས་ཏེ། །ཐག་རིང་རྒྱུས་མེད་མི་ཡི་རྒྱལ་ཁམས་སུ་སླེབས་ནས། །མདོ་མེད་འཕྱོར་མོའི་ཕྱོགས་ལ་རང་སེམས་དེ་ཤོར་ནས། །དྲིན་ཅན་ཕ་མ་བརྗེད་པའི་བུ་རུལ་ང་སྐྱོ་བ། །ཞེས་པ་ལས། རྩོམ་པ་པོས་སྣང་འཇོག་ཆེན་པོའི་སྒོ་ནས་གཞན་ཡུལ་འགྲིམས་པའི་བུ་ཆུང་གིས་ཐག་རིང་རི་བོ་གངས་ཅན་ལྗོངས་སུ་ལུས་པའི་དྲིན་ཅན་ཕ་མ་ལ་བཅངས་པའི་བརྩེ་དུང་དང་ལུས་སེམས་ཀྱི་ཉམས་འགྱུར་དེ་ཞིབ་འབྲི་མཛད་པ་ལས་མི་རྣམས་ལ་རང་སོའི་ཕ་མ་མིག་མདུན་དུ་འཁོར་བ་ལྟར་ཡིད་དབང་མེད་དུ་འགུལ་བའི་སྒྱུ་རྩལ་གྱི་མཛེས་སྣང་སྦྱིན་པ་ལྟ་བུའོ། །གཞན་ཡང་རང་བྱུང་ཁམས་དང་བཅས་པའི་འདུས་བྱས་ཐམས་ཅད་ཀྱིས་མི་རྣམས་ལ་བཞག་པའི་མཛའ་སེམས་དང་བརྩེ་དུང་གི་བྲོ་བ་སྦྱིན་ལ། ལོངས་སྤྱོད་དང་ལྟད་མོ་སོགས་སྒྱུ་རྩལ་གཟིགས་ཞིབ་ཀྱིས་དགའ་བའང་བསྐྱེད་པར་བྱེད་དོ། །གཞན་ཡང་རིགས་གཏེར་ལས་སྒེག་པ་ལུས་ངག་ཆ་ལུགས་དང་ཡུལ་སོགས་མཛེས་པའི་ཁྱད་པར་ཡིན11ཞེས་གསུངས་པ་ལྟར། ནང་གི་སྒེག་པ་ནི་རྩོམ་ཡིག་ནང་ཐོན་པའི་སྐྱེ་བུའི་ལུས་ངག་གི་རྣམ་འགྱུར་ལས་བྱུང་བའི་ནང་སེམས་ཀྱི་ཚོར་འདུ་དང་འགྱུར་བག་གི་མཛེས་པའི་ཁྱད་པར་དང་། ཕྱིའི་སྒེག་པའི་ཉམས་ནི་སོས་ཀའི་རླུང་དང་ཉི་ཟླ་སྒྲོན་མེ། རྒྱན་དང་གོས་ཀྱི་ལོངས་སྤྱོད། དགའ་མར་རྩེད་པ་དང་གྲོང་དང་། སྐྱེད་མོས་ཚལ་དང་། བྱ་དང་རི་དྭགས་ལ་སོགས12ཡུལ་ལྗོངས་དང་རང་བྱུང་ཁམས་ཀྱི་བཀོད་པ་ཕུན་སུམ་ཚོགས་པོར་སྦྱར་ཡོད་དོ། །གཞན་ཡང་སྡེ་པ་སྐྱིལ་ཟུར་པའི་སྙན་རྩོམ་ནང་། ཀ་པ་ལི་ནས་སྤུ་ཞིག་ཏོག ཁ་ཡི་སྟེང་དུ་བཙུགས་པ་འདྲ། །ག་ནས་བལྟས་ཀྱང་འདྲེ་འདྲ་བ། །ང་ལ་གནོད་པ་མ་བྱེད་ཨང་། །ཞེས་པ་ལྟར། བོད་ཀྱི་རྩོམ་རིག་ནང་བཞད་གད་ཀྱི་ཉམས་ཀྱང་གལ་ཆེན་དུ་བརྩི་བར་སྣང་ལ། མཛེས་རིག་སྟེང་གི་དགོད་བྲོ་འཕེལ་བའམ་བཞད་གད་ཀྱི་ཉམས་དེ་ནི་ཕུལ་བྱུང་དང་རབ་བཏགས་རྟོག་བཟོ་སོགས་ཀྱི་ལམ་ནས། རྣམ་པ་དང་དོན་དབར་གྱི་བར་ཐག་གམ་འགལ་བ་དེ་མཚོན་པ་ལ་འགྲེལ་བ་འདོད་འཇོར། དགའ་བ་རབ་ཏུ་རྒྱས་པའི་བདག་ཉིད་ནི་དགོད་པ་སྟེ། །རྣམ་འགྱུར་སྦེད་བཅས་རྣམ་འགྱུར་བཅས། །མཛེས་ཆོས་ཡན་ལག་ཚང་མ་མཐོང་། །འབྲེལ་མེད་དེ་བཞིན་གཏམ་སྨྲ་དང་། །རྩེད་མོ་སོགས་ཀྱི་འགོད་པར་འགྱུར13ཞེས་གསུངས་པ་ལྟར། བཞད་གད་ཀྱི་ནང་བརྗོད་གཞི་གཙོ་བོའི་ངོ་བོ་འཁྱོག་བརྗོད་དང་འུད་ཤོབ་ཀྱི་རྣམ་པ་སྤྱད་ནས། མི་རྣམས་བཞད་གད་དང་དགོད་བྲོའི་ཕྱོགས་སུ་འཁྲིད་པ་སོགས་ཚིག་གང་ལའང་གད་མོ་འབྱིན་པའི་ནུས་པ་ཡོད་པ་སྟེ། ནཱ་རོ་བོན་ཆུང་གིས་ཤགས་བཏབ་པའི་ནང་། གངས་དཀར་ཏི་སེ་སྒྲ་ཆེ་ཡང་། །རི་མགོ་ཁ་བས་གཡོགས་པ་ཅིག །མ་ཕམ་གཡུ་མཚོ་སྒྲ་ཆེ་ཡང་། །ཇོ་མིག་ཆུ་ཡིས་གང་བ་ཅིག །མི་ལ་རས་པ་སྒྲ་ཆེ་ཡང་། །མི་རྒན་གཅེར་ཉལ་བྱེད་པ་ཅིག །ཅེས་པ་ལྟར། ལུས་ངག་གི་ཉམས་འགྱུར་དང་། འགྲོ་འོངས་ལ་སོགས་པའི་སྤྱོད་ཚུལ་གཞན་གྱིས་འཕྱ་ཞིང་རྒོད་བྲོ་བ། བླུན་པོ་ངོ་ཚ་མི་ཤེས་པའི་རྣམ་འགྱུར་ལས་ཕལ་ཆེར་འབྱུང་བ་ལྟར་དུ་བྲིས་ཡོད་ཀྱང་། མཛེས་རྟོག་ཁྲོད་བཞད་གད་ཀྱི་ཉམས་མངོན་གསལ་དུ་ཐོན་པ་སོགས་གནའ་ཉམས་རྩོམ་གྱིས་མི་རྣམས་ལ་བསྟན་པའི་ཕྱི་ནང་གཅིག་ཏུ་འདྲེས་ཞིང་ཚུལ་འཆོས་དང་ཟོལ་མེད་ལྷན་དུ་འཆར་བའི་སྒྱུ་རྩལ་གྱི་ཆེས་མཐོའི་མཛེས་ཁམས་དང་གསར་གཏོད་ཀྱི་སྣང་ཚུལ་དེ་ཤེས་རྟོགས་ཐུབ་བོ། ། qZB

བཞི་བ། སྣང་བརྙན་ལས་མངོན་པའི་མཛེས་རྟོག་ཚོར་འདུ།བོད་ཀྱི་གནའ་ཉམས་རྩོམ་རིག་གི་ཆེས་མཐོའི་མཛེས་ཆོས་རྟོག་ཁམས་ནི་ཐབས་ཤེས་ཟུང་འཇུག་གི་སྒྱུ་རྩལ་ལམ་ནས་འཇིག་རྟེན་སྐྱེ་རྒུ་ཀུན་ལུས་སེམས་དགའ་བདེར་དབང་བསྐུར་ཅིང་། དགེ་བའི་ལས་ཀྱིས་རྫོགས་པར་བྱེད་པའི་བླ་ན་མེད་པའི་མཛེས་རིག་གི་ལྷག་བསམ་དེ་ཡིན་པས། དེ་ཡང་མངོན་པར་འབྱུང་བའི་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་ཅན་འདུལ་བར་བྱ་བའི་ཕྱིར་སྙན་ངག་གི་བསྟན་བཅོས་བསླབ་པར་བྱ་སྟེ14ཞེས་པ་ལྟར། ནང་བསྟན་མཚན་ཉིད་རིག་པའི་བསམ་བློ་དེ་ལས། བོད་ཀྱི་གནའ་ཉམས་རྩོམ་རིག་གིས་དམིགས་པའི་ཞི་མཐུན་དང་ཚད་ལྡན། ཕུན་ཚོགས་ལེགས་འཛོམས་སོགས་དངོས་ཡོད་ལས་འདས་ཤིང་ཆགས་སྡང་དང་ཕུགས་བསམ། འཆར་སྣང་། སྟོང་བསམ་གྱི་རྣམ་པ་མངོན་པའི་ཕུགས་བསམ་རིང་ལུགས་ཀྱི་མཚོན་ཐབས་དང་རང་བཞིན་སྟོང་སྣང་ལས་བྱུང་བའི་མཛེས་པ་དེ་རྩོམ་རིག་གསར་རྩོམ་གྱི་ཐབས་ཤེས་ཤིག་དང་སྒྱུ་རྩལ་རྩོམ་གྱི་རང་གཤིས་ཤིག་ཏུ་ངེས་པར་མ་ཟད། ཕུལ་བྱུང་གི་བརྩམས་ཆོས་དེ་དག་ལས་རྟག་ཏུ་མི་རྣམས་ལ་སྒྱུ་རྩལ་སླར་བསྐྲུན་གྱི་སྟོང་ཆ་ཡང་བཞག་པས། དེས་སྒྱུ་རྩལ་གཟིགས་ཞིབ་མཁན་ཚོར་བརྩམས་ཆོས་ལ་ཉམས་ཞིབ་དང་། དྲན་གསོ་འཆར་སྣང་རྟོག་བཏགས་སོགས་སྔར་ལས་ལྷག་པ་ཞིག་འབྱུང་བའི་ཁུངས་སྦྱིན་ནོ། །དེ་ཡང་མེ་ཏོག་ལྡུམ་རྭའི་ནང་གི་ཀླན་ཀ་ཞེས་པའི་ནང་། རྩོམ་པ་པོས་རབ་བཏགས་ཀྱི་ལམ་ནས་སྣ་མང་ཕུན་སུམ་ཚོགས་པའི་མི་སྣའི་གཤིས་ཀ་གསར་སྐྲུན་བྱས་ཏེ། སྤྱི་ཚོགས་ཀྱི་རང་གཤིས་རྗེན་པར་བཏོན་ཞིང་རྩོམ་པ་པོས་མ་འོངས་པར་བཅངས་པའི་ཕུགས་བསམ་དང་ལྷད་མེད་མཚར་སྡུག་གི་མཛེས་ཉམས་དེ་མངོན་པར་བྱས་པ་ལྟ་བུ་དང་། དེ་བཞིན་དུ་བརྩམས་ཆོས་གཞན་དག་གི་ནང་སྐྱེས་བུ་ཚད་ལྡན་རྣམས་ཀྱི་ཁྱད་ཆོས་དག་བྱང་ཆུབ་སེམས་དཔའ་དང་རྒྱལ་པོ། དམག་དཔོན་སོགས་དཔེ་མཚོན་རང་བཞིན་ལྡན་པའི་མི་སྣའི་རྣམ་པར་སྦྱར་ནས། མཚན་དང་དཔེ་བྱད་བཟང་བའི་མི་སྣའི་མཛེས་ཆ་མངོན་སུམ་དང་འབུར་ཐོན་བྱས་པ་དཔེར་ན། འཇུ་མི་ཕམ་གྱི་རྒྱབ་ཆོས་པདྨ་དཀར་པོ་ལས་གོང་མ་སྲེག་སུ་སྐྱེས་པའི་རབས་ཞེས་པར། རྩོམ་པ་པོས་ཐབས་མཁས་ཀྱི་སྒོ་ནས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེའི་མཛད་པ་བརྗོད་བྱའི་སྲོག་ཏུ་བྱས་ནས། མིའི་རིགས་དང་རྩ་དང་རྩི་ཤིང་། འདབ་ཆགས་གཅན་གཟན། ས་ཆུ་རི་ཀླུང་སོགས་གཞི་མཐུན་མཉམ་གནས་ལ་རེ་བའི་རྩོམ་པ་པོའི་ནང་སེམས་ཀྱི་དུང་བ་དེ་མངོན་ཡོད་དོ། །དེ་ལྟ་བུ་མིའི་རིགས་དང་སྤྱི་ཚོགས། རང་བྱུང་ཁམས་བར་གྱི་གཞི་མཐུན་དང་མཉམ་གནས། ཞི་འཇམ་དྭངས་གཙང་ལས་བརྒྱུད་པའི་བརྩེ་སེམས་ཀྱི་མཛེས་ཆ་དེ་བོད་ཀྱི་མཛེས་ཆོས་རིག་པ་དང་སྒྱུ་རྩལ་གསར་རྩོམ་གྱི་ཁྲོད་དུའང་ཚད་མཐོན་པོ་ཞིག་བཟུང་ཡོད་ལ། འཁོར་བའི་ཁྲོད་ཀྱི་གཏི་མུག་དང་ཞེ་སྡང་། འདོད་ཆགས། ང་རྒྱལ། ཕྲག་དོག་སོགས་ཉོན་མོངས་ལས་བརྒལ་ཏེ། མཉམ་བཞག་བཏང་སྙོམས་དང་འཚེ་མེད་བྱང་སེམས་ཀྱི་ཕ་རོལ་དུ་ཕྱིན་པའི་ཚད་མཐོའི་མཛེས་ཆོས་ཀྱི་ཁམས་དེའང་མངོན་པར་བྱེད་དོ། །གཞན་ཡང་སྙན་ངག་མཁན་ཆེན་རྣམས་ཀྱི་ངག་ལས་ནི། །སླར་ཡང་དངོས་པོ་གཞན་ཉིད་རྟོགས་པ་ཡོད། །15ཅེས་པ་ལྟར་དཔེར་ན། བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་ནང་རྒྱལ་བུ་ཆོས་ཀྱི་དགའ་བ་བྱ་མགྲིན་སྔོན་ཟླ་བར་སྐྱེ་བ་འཕོ་བའི་སྐོར་རྣམས་འཆར་སྒོ་ཕུན་སུམ་ཚོགས་ཤིང་གསོན་ཉམས་ལྡན་པའི་སྣང་བརྙན་གྱི་ལམ་ནས་ཞིབ་འབྲི་བྱས་ཏེ། དེ་ལས་བྱང་ཆུབ་སེམས་དཔའི་རྟུལ་བཞུགས་བཟུང་ཏེ་གཞན་དོན་འབད་པས་ལྷུར་ལེན་བྱེད་དགོས་པ་དང་། འཇིག་རྟེན་དང་མིའི་རིགས་ལ་ཞི་བདེ་དང་ལེགས་ཚོགས་བསྐྲུན་དགོས་པ་དེ་མངོན་ཡོད་པ་ལྟ་བུའོ། །དེ་ཡང"དཀའ་ཚེགས་ཐམས་ཅད་ཁྱད་དུ་བསད་ཅིང་། དུས་དང་རྣམ་པ་ཀུན་ཏུ་བྱམས་དང་སྙིང་རྗེའི་བསམ་པས་གཞན་རྣམས་སྡུག་བསྔལ་ལས་སྐྱོབ་འདོད་དང་གཞན་གྱི་ཆེད་དུ་རང་གི་ལུས་སྲོག་དང་བཅས་པའི་ཡོད་ཚད་གཏོང་ནུས་པ།"16 ཁོང་ཁྲོ་དང་འཁོན་འཛིན་སྤངས་ཤིང་ཉོན་མོངས་ཀྱི་ལས་ཐ་དག་གསལ་བར་བྱེད་པ། དུས་དང་རྣམ་པ་ཀུན་དུ་དམའ་ས་བཟུང་ཤིང་ལྟོ་སྐྱ་གོས་ཧྲུལ་དང་སྙིང་རྗེའི་བསམ་པ། འཁོར་བའི་སྡུག་བསྔལ་ཐ་དག་སྤངས་ནས་མངོན་མཐོ་ངེས་ལེགས་ཀྱི་ཕྱོགས་སུ་རེ་བ། ཉེས་སྤྱོད་སྡོམ་ཅིང་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དམ་དུ་སྲུང་ཞིང་དཀའ་བ་གྲངས་མེད་ཁྱད་དུ་བསད་པ། སོ་སོ་སྐྱེ་བོས་འདོར་མི་ནུས་པའི་དངོས་པོ་དོར་བ། བཟོད་མི་ཐུབ་པའི་སྡུག་བསྔལ་བཟོད་ནུས་པ་དང་ཐེག་ནུས་པ་སོགས་ས་ཐོབ་པའི་བྱང་ཆུབ་སེམས་དཔས་མ་གཏོགས་སྐྱེ་བོ་ཕལ་གྱིས་ཉམས་སུ་ལེན་མི་ནུས་པའི་སྙིང་སྟོབས་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ལ། བྱང་ཆུབ་སེམས་དཔས་དཀའ་སྡུག་ཐམས་ཅད་རྒྱབ་ཏུ་འཁྱེར་འདོད་དང་སྒེར་སེམས་མེད་པར་རང་གི་ཡོད་ཚད་ལེགས་སྐྱེས་སུ་འབུལ་འདོད་ཀྱི་བསམ་པ་རྣམ་དག་ཞིག་མཚོན་པ་སོགས། རྩོམ་པ་པོས་སྒྱུ་རྩལ་གྱི་ལམ་ནས་གཞན་ལ་ལུས་སེམས་བདེ་བར་རོལ་བའི་དགེ་བ་སྦྱིན་པའི་ཆེས་བླ་ན་མེད་པའི(རྨཡཽ)སྒྱུ་རྩལ་མཛེས་ཆོས་ཀྱི་ལྷག་བསམ་དེ་མངོན།བརྩམས་ཆོས་ལས་མངོན་པའི་བདེན་དངོས་ཀྱི་མཛེས་མཚར་དེ་སྒྱུ་རྩལ་ལམ་རྩོམ་རིག་གི་མཛེས་རྟོགས་དམིགས་བྱ་གཙོ་བོ་ཞིག་ཡིན་པས་དེ་མེད་ཚེ་སྒྱུ་རྩལ་གྱི་རང་གཤིས་ཤོར་འགྲོ་བས། གཡོ་རྫུན་ཟོལ་སྦྱོར་ནི་སྒྱུ་རྩལ་གྱི་ཉེས་དམིགས་བྱེད་ཡུལ་ཞིག་ཏུ་འཛིན་པ་སྨྲོས་མེད་རེད། དེས་ན་རྩོམ་པ་པོས་རྟོག་བཟོའི་རང་བཞིན་ལྡན་པའི་ངང་འཚོ་བའི་སྣང་ཚུལ་དང་། སེམས་ཁམས་ཀྱི་ཚོར་འདུ་དག་སྒྱུ་རྩལ་གསར་གཏོད་ཀྱི་ལམ་དང་གཅིག་འདྲེས་ཀྱིས་སྤྱི་ཚོགས་འཚོ་བའི་གནས་ཚུལ་དངོས་དང་། ལྷག་པར་དུ་ཆོས་ཉིད་ཀྱི་རང་བཞིན་ལྡན་པའི་དངོས་པོ་རྣམས་ངོས་བཟུང་ཏེ། རྩོམ་པ་པོ་རང་ཉིད་ཀྱི་རྟོགས་སྣང་དང་མྱོང་ཚོར་མངོན་པར་བྱེད་པ། དེ་ཡང་དབྱི་ཊ་ལིའི་མཛེས་རིག་མཁན་ཁ་རི་ཅིསཛྷཻརྔྷཌྷེཾ"གལ་ཏེ་ང་ཚོས་བརྩམས་ཆོས་དག་གི་ནང་སྤྱི་ཚོགས་འཚོ་བ་དང་དགའ་སྐྱོའི་སྣང་ཚུལ་སྣ་ཚོགས་མངོན་སུམ་དུ་འཆད་ན་དེའི་ཕུལ་དུ་བྱུང་བའི་སྒྱུ་རྩལ་བརྩམས་ཆོས་ཀྱི་རིན་ཐང་དེ་ཤོར་མི་སྲིད་དོ། །"17 ཞེས་པ་ལྟར་དེ་ནི་རྩོམ་པ་པོའི་འཚོ་བ་དངོས་ལས་བྱུང་བའི་ནང་སེམས་ངོས་ཀྱི་འགྱུར་བའམ་དགའ་སྐྱོ་ཆགས་སྡང་གི་སེམས་ཁམས་ཇི་འདྲ་ཞིག་ཡོད་པ་དེ་སྣང་བརྙན་བཞེང་སྐྲུན་གྱི་ལམ་ནས་བདེན་པར་མངོན་པ་ཞིག་ལགས། གོང་ཞུས་ལྟར་བོད་ཀྱི་གནའ་ཉམས་རྩོམ་རིག་ནང་མངོན་པ་ནི་གཅིག་ནས་འཚོ་བའི་བདེན་དངོས་དང་མི་འདྲ་ལ། གཞན་ཞིག་ནས་ཚན་རིག་གི་བདེན་དངོས་དང་མི་འདྲ་བར་དམིགས་བསལ་གྱི་མཛེས་རྟོག་རང་བཞིན་ཅན་གྱི་སྒྱུ་རྩལ་བདེན་དངོས་ཤིག་ཡིན་ནོ། །མཇུག་བསྡུ་བ།བོད་ཀྱི་གནའ་ཉམས་རྩོམ་རིག་ལས་མངོན་པའི་ཁྱད་འཕགས་ཀྱི་མཛེས་སྡུག་དེ་བཞིན་འཇུ་མི་ཕམ་གྱིས་བཅད་ལྷུག་སྤེལ་མའི་རང་བཞིན་དག །ཡིད་འཕྲོག་རྒྱན་གྱི་ཉམས་ལྡན་ཞིང་། །དོན་གསལ་ཚང་ཞིང་ངེས་པ་ཡི། །ཚུལ་གྱི་སྨྲ་བའི་དབང་ཕྱུག་ཐོབ། །ཅེས་གསུངས་པ་ལྟར། འཇིག་རྟེན་འཚོ་བ་ལས་བྱུང་བའི་མངོན་རྗེས་གཉིས་ཀྱི་སྣང་ཚུལ་དག་ལ་དག་སྣང་སེམས་བསྐྱེད་ཀྱི་འདུ་ཤེས་བཟུང་ནས། སྣ་མང་ཕུན་སུམ་ཚོགས་པའི་སྐད་ཆའི་སྦྱོར་བ་དང་། རྒྱན་གྱི་སྡེབ་ལེགས་པར་སྦྱར་བ་ལས་མི་སྣའི་སྣང་བརྙན་གསོན་པོར་བསྐྲུན་ཏེ། ནང་དོན་དང་རྣམ་པ་ཆིག་སྒྲིལ་གྱིས་སྒྱུ་རྩལ་གསར་གཏོད་ཀྱི་ལྟ་བ་བཟུང་ནས། དེའི་ཤུགས་ལས་བྱུང་བའི་རྩོམ་རིག་སྒྱུ་རྩལ་གྱི་མཛེས་དཔྱོད་རིན་ཐང་དེ་མངོན་པ་སོགས་བོད་རང་གི་ཡེ་ཤེས་སྤྱོད་ཡུལ་དུ་གྱུར་པ་དང་། སྨྲ་བསམ་བརྗོད་དུ་མེད་པའི་གོ་བསྐོན་བློ་འགུག་གི་ནུས་པ་ཐོན་ཞིང་། གང་དེ་འཆད་པ་དང་རྟོགས་པར་བྱ་བའི་ཕྱིར་སྣ་མང་ཕུན་སུམ་ཚོགས་ཤིང་དཔེ་མཚོན་རང་བཞིན་ལྡན་པའི་མི་སྣའི་སྣང་བརྙན་ལས་དེའི་བླ་ན་མེད་པའི་གཤིས་ཀའམ་དཀའ་བ་བརྒྱ་ཕྲག་ཁྱད་བསད་དང་། ཐ་ན་རང་ཉིད་ཀྱི་ཡོད་ཚད་བློས་གཏོང་ཕོད་པའི་བྱམས་དང་སྙིང་རྗེའི་སེམས་པ་དང་། བཏང་སྙོམས་ཀྱི་ཆ་དེ་དང་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་ཚིག་སྦྱོར་གཞི་གཅིག་ཏུ་བྱས་ནས། བླ་མེད་བྱང་ཆུབ་སེམས་ཀྱི་ཆེས་མཐོའི་མཛེས་རྟོག་གི་ཚོར་འདུ་དྲག་པོ་མངོན་པའི་སྒྱུ་རྩལ་བདེན་དངོས་དང་ཆགས་སྡང་གི་ཚ་རླབས། སྒྲ་དོན་རྒྱན་གྱི་ཉམས་སྣང་གིས་མཛེས་ཆོས་ཀྱི་བསམ་བློ་དེ་སྒྲུབ་པར་བྱས་ཡོད་དེ། མདོར་ན་སྐབས་འགར་ཡན་ལག་འགའ་རེའི་མཛེས་སྡུག་གིས་གཞན་གྱི་ཡིད་སེམས་སྒུལ་ཐུབ་མོད་ཀྱང་། དོན་དུ་ཚད་དང་མཐུན་པའི་གནའ་ཉམས་ཀྱི་སྒྱུ་རྩལ་བརྩམས་ཆོས་དེ་དག་གི་ཁྲོད་མངོན་པ་ནི་ཡན་ལག་འགའི་མཛེས་སྣང་ཙམ་ཞིག་དང་། རྣམ་པ་རིང་ལུགས་ཀྱི་མཛེས་རྟོགས་སྣང་ཚུལ་ཁོ་ན་སྟོན་པ་ཞིག་མ་ཡིན་པར། དེ་ཚོར་ཡོད་པ་ནི་བདེན་དགེ་མཛེས་གསུམ་དང་ཡོངས་ཁྱབ་ཞི་མཐུན་གྱི་བླ་ན་མེད་པའི་སྒྱུ་རྩལ་མཛེས་ཆོས་ཀྱི་རྟོག་ཁམས་དེ་ཡིན་ནོ། །qZB

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།