༄༅།། བྱིས་པའི་བཟང་སྤྱོད་ལམ་གྱི་ལེའུ།
སྤེལ་དུས།  2018-02-03  རྡེབ་ཚད།   ཡོང་ཁུངས། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས།   རྩོམ་པ་པོ། poiuy   རྩོམ་སྒྲིག་པ། lobsang

ཚན་པ་དང་པོ།mpP

ན་ཚོད་མེ་ཏོག་གི་འདབ་ལོ་ཕྲ་བའི་བྱིས་དུས་ཀྱི་གནས་སྐབས་ནི། མི་ཡུལ་ཁམས་ཀྱི་མཐོང་སྣང་ཀུན་ལ་བལྟ་བའི་མིག་ཟུང་གསར་དུ་ཕྱེས་པའི་དུས་ཚིགས་ཤིག་ཡིན། མི་ཡུལ་གྱི་ཁམས་སུ་རང་ཉིད་འཚར་ལོངས་ཅི་ལྟར་འབྱུང་དགོས་པའི་རྨི་ལམ་དེའང་བྱིས་དུས་ཀྱི་གནས་སྐབས་ནས་རྡོ་ལ་རི་མོ་བྲིས་པ་ཅི་བཞིན་མངོན་གསལ་གྱི་ཚུལ་དུ་ཡོད་པ་ཡིན། ང་ཚོ་མི་ཡུལ་དུ་ཐོན་པའི་བྱིས་དུས་སུ་ཡོད་ཚད་ལ་མཚར་འཛིན་གྱི་འདུ་ཤེས་ཤུགས་ཆེ་བ་ཡོད་ཅིང་། ན་ཚོད་རིམ་གྱིས་ཡར་བསླེབས་པ་ནས་ནང་སེམས་ཀྱི་འཆར་ཡན་སྣ་ཚོགས་ཀྱང་སྔར་ལས་འགྱུར་ལྡོག་གིས་སྐས་ཐེམ་རིམ་པ་གཞན་ཞིག་ལྟ་བུ་བརྒྱུད་དེ་འོང་གིན་ཡོང་། དེས་ན་ང་ཚོས་བྱིས་པའི་དུས་ཚོད་ནང་འབྱུང་འགྱུར་གྱི་མི་ཚེ་ཅི་ལྟར་ཡོང་དགོས་པ་དེར། ལས་གཞི་ཡག་པོ་ཞིག་གི་འགོ་རྩོམ་ཐུབ་ན་དགེ་མཚན་ཆེ་བར་སེམས། ང་ཚོའི་ཕ་མ་ཚོས་ནི་བྱིས་པའི་གནས་སྐབས་ནི་ཁ་ལ་ཟས་ཞིམ་པོ་དང་རྒྱབ་ཏུ་གོས་འཇམ་པོ་བཅས་ཀྱིས་བྱིས་པའི་ལུས་ཀྱི་བདེ་ཐང་ཙམ་དུ་མ་གཏོགས་ནང་གི་འཆར་ཡན་དམིགས་པ་གསོ་སྐྱོང་ཅི་ལྟར་དགོས་མིན་ནི་མཐའ་འདེད་ལྟ་བུ་བྱས་ཡོད། འདི་ནི་ཆེས་མི་ལེགས་པ་ཞིག་སྟེ། བྱིས་པའི་སེམས་ཁམས་གསོ་སྐྱོང་གི་འདུ་ཤེས་མེད་པས་མ་འོངས་པར་བྱིས་པ་དེ་ཚོ་དགེ་ལས་ཀྱི་ངོ་བོ་འགྲོ་མི་ཐུབ་ཅིང་། བཟང་སྤྱོད་ཀྱིས་ཕོངས་པའི་འགྲོ་འདུག་གི་སྤྱོད་ལམ་ངན་པ་ཆགས་རྒྱུའི་ཉེན་ཁ་ཆེན་པོ་ཡོད། འདི་ནི་བྱིས་པ་འཚར་ལོངས་ཀྱི་གོ་རིམ་ཁྲོད་དུ་ཉམས་འཇོག་གི་སློབ་གསོ་མེད་པའི་རང་ཅག་ལྟ་བུ་མ་གཏོགས་པའི་གཞན་རྣམས་སུ་ཡོད་ཚད་དེ་འདྲ་ཞིག་ལར་ནས་མ་ཡིན། བྱིས་པའི་གནས་སྐབས་ནི་ཆེས་གནད་འགག་གི་དུས་ཚོད་ཅིག་ཡིན་ཅིང་། བྱིས་པའི་ཕྱི་ནང་གི་སྤྱོད་ལམ་གྱི་བག་ཆགས་ཅི་འདྲ་བཞག་པ་དེས། མི་ཚེ་ཧྲིལ་བོར་ཤུགས་རྐྱེན་ཐེབས་ཀི་ཡོད་པ་སྨྲོས་མ་དགོས་པ་ཞིག་ཡིན། དེས་ན་བྱིས་པའི་སྐབས་སུ་ནས་འགྲོ་ཆག་ཉལ་འདུག་ལ་སོགས་པའི་ཕྱི་ནང་གི་སྤྱོད་ལམ་ཚང་མ་དགེ་ལས་ཀྱི་ངོ་བོར་འཚར་ལོངས་འབྱུང་ཐུབ་ན། ན་ཚོད་སྨིན་པའི་དུས་སུའང་ལམ་བཟང་བོ་ཞིག་གི་སྒོ་ཐེམ་དུ་བགྲོད་ཐུབ་པ་ནི་མཐོང་ཆོས་མྱོང་འགྱུར་ལྟ་བུ་ཡིན་ཅིང་། ལྷག་དོན་དུ་བྱིས་པའི་དུས་སུ་སེམས་ནང་གི་འཆར་ཡན་སྣ་ཚོགས་ལ་ཚོད་བགམ་བྱེད་དགོས་ཤིང་། དེ་ལྟར་ཁོ་ཚོའི་ཁམས་དང་མོས་པ་ལ་སོགས་པའི་མཚར་འཛིན་སྣ་མང་གི་སེམས་ཁམས་སུ་ངེས་པར་དུ་ཟུར་མང་པོ་ནས་དཔྱད་ཞིབ་ལྟ་བུ་བྱ་ཐུབ་ན། དེ་ཚོད་ཀྱིས་ཁོ་ཚོ་མི་ཚེའི་ནང་ལམ་སྟོན་ཡག་པོ་བྱེད་ཐུབ་ཅིང་། ལྷག་དོན་དུ་བྱིས་པའི་ཁྲོད་དུ་དམིགས་བསལ་ཅན་གྱི་བྱིས་པ་ཡོད་ཅིང་། དེ་ལྟ་བུ་ཡིན་དུས། ཁ་ཚོའི་ན་ཚོད་ལས་བརྒལ་བའི་བསམ་བློ་དང་དགེ་ལས་ཀྱི་བཟང་སྤྱོད་སོགས་གཞན་ལས་འཕགས་པའི་ཁྱད་ཆོས་དེ་འདྲར་མཐོང་ཚེ། དེ་ཚོད་ཀྱིས་ཁོ་རང་ལ་འཚར་ལོངས་ཀྱི་ཁོར་ཡུག་ཡག་པོ་ཞིག་སྤྲོད་ཐུབ་པར་བྱ་དགོས་པ་ནི། ལུགས་མཐུན་གྱི་མི་ཚེའི་ནང་མི་བུ་སྐྱེད་སྲིང་གི་ལས་དོན་གྱི་གོ་རིམ་ཞིག་ཡིན་ནོ། བྱིས་པ་དགེ་ལས་ཀྱི་ངོ་བོར་འགྲོ་བའི་བཟང་སྤྱོད་ཀྱིས་བྱིས་པ་རང་སྒེར་ཙམ་དུ་མ་ཟད། མི་རིགས་དང་རྒྱལ་ཁབ་ཧྲུལ་བོ་འབྱུང་འགྱུར་དགེ་ལས་ལྡན་པའི་དཔལ་ཡོན་ཅན་དུ་འགྱུར་ཐུབ་པའི་སྟོབས་ཤུགས་ཆེན་པོ་ཞིག་སྦྱིན་ཐུབ་ཅིང་། དེའི་ཕྱིར་བྱིས་པའི་སྨྲ་བརྗོད་རང་དབང་ལ་བརྩི་མཐོང་ཆེན་པོས། ཁོ་ཚོའི་རྒྱུད་ཚོད་ཅི་འདྲ་ཡིན་པ་དང་། འཕྲལ་ཕུགས་སུ་བལྟ་བའི་དམིགས་ཡུལ་དང་མདུན་པ་སོགས་ཀྱི་ཐད་དུ་སྤྲོ་སྣང་འཕེལ་བའི་ཐབས་ལམ་དང་འགྲོག་སྟེ་དྲི་བ་བྱེད་པ་དང་། ནམ་རྒྱུན་ལུས་ངག་ཡིད་གསུམ་གྱི་གནས་སྟངས་སྣ་ཚོགས་སུ་ཉམས་འཇོག་གིས་ཁོ་ཚོའི་རང་གཤིས་ཀྱི་ཚད་དེ་མཐོང་ཐུབ་པ་ན། ད་གཟོད་ཁོ་ཚོ་ནི་དགེ་ལས་ཀྱི་སྐས་རིམ་དུ་ལམ་འཇུག་ལྟ་བུ་བྱེད་དགོས་པ་ནི། བྱིས་པ་ཚོའི་ཕ་མ་དང་། ཡང་ན་དགེ་རྒན་ལྟ་བུའི་འགན་འཁྲི་ཉག་གཅིག་ཡིན་པར་འདུག། བྱིས་པའི་དུས་སུ་གཞི་སེམས་ཀྱི་སྟེང་ཏུ་བཞག་པའི་བག་ཆགས་ནི་རང་ཉིད་རྒས་ཁོག་ཆགས་དུས་ཀྱང་སེམས་སུ་བརྗེད་དུ་མེད་པ་ལྟ་བུ་ཡིན་ཅིང་། དེ་ནི་བྱིས་པའི་དུས་སུ་གསལ་རིག་གི་ཤེས་པ་དེའང་རང་གི་ལང་ཚོ་དང་འདྲ་བའི་གསོན་ཤུགས་ངེས་ཅན་ཡོད་པས་ན། སྐབས་དེར་རང་ཉིད་དགེ་ལས་ཀྱི་ལམ་བུར་འཇུག་དགོས་པ་ནི། རང་ཉིད་ཀྱི་མི་ཚེའི་ནང་གནད་འགག་གི་དུས་ཚོད་ཅིག་ཡིན་པར་དཔྱོད་ལྡན་རྣམས་ཀྱིས་གླེང་བ་ལྟར་རོ། སྤྱིར་བཏང་ང་ཚོ་ལྟ་བུ་ཡིན་ན་དགེ་ལས་དང་བཟང་སྤྱོད་ཅེ་ན། མ་གཞི་ནས་མིའི་འགྲོ་འདུག་གི་སྤྱོད་ལམ་ཀུན་སྤྱོད་རིག་པ་ཞེས་པར་དོ་སྣང་དེ་ཙམ་མེད་པས་ཧ་གོ་དཀའ་ཡང་། དགེ་ལས་དང་བཟང་སྤྱོད་ནི་མིའི་རིགས་ཀྱི་མི་ཚེའི་ནང་མེད་དུ་མི་རུང་བའི་བྱ་བཞག་ཅིག་ཡིན་ཅིང་། དེ་ནི་ཀུན་སྤྱོད་པ་རིག་པ་དང་ཁྲིམས་ལུགས་རིག་པའི་ཁྱབ་ཁོངས་སུ་གཏོགས་པའི་མི་བུ་སོ་སོའི་འགན་འཁྲིའི་འདུ་ཤེས་ཀྱི་སྟེང་དུ་སོ་སོའི་སེམས་གཤིས་སུ་འཇགས་དགོས་པ་ཞིག་ཡིན། དགེ་ལས་དང་བཟང་སྤྱོད་ལ་དོ་སྣང་མེད་དུས། ཀུན་སྤྱོད་དང་ཁྲིམས་ལུགས་བཅས་ཀྱང་རྩིས་མེད་བྱེད་ཅིང་། མཐར་རང་ཉིད་ཉེས་ཅན་གྱི་གཏེ་བོར་འགྲོ་བའི་ཉེན་ཁ་ཡོད། དེ་འདྲ་རང་ལ་ལྡན་པར་བྱེད་པ་ལ་ཐོག་མར་སེམས་ནང་ལེགས་ཉེས་བླང་དོར་འབྱེད་པ་དང་། དགེ་ལས་དང་བཟང་སྤྱོད་ཅེས་པའི་རིན་ཐང་ཤེས་དགོས་པ་ནི་གནད་འགག་ཅིག་ཡིན། འོན་ཀྱང་མི་འགའ་ཤས་ཀྱིས་དགེ་ལས་དང་བཟང་སྤྱོད་ཅེས་པ་ནི་ཟུར་དུ་འཇོག་དགོས་པར་བརྗོད་མོད། ཁོ་ཚོས་ནི་དཔེར་ན་དགེ་ལས་དང་བཟང་སྤྱོད་མ་ཡིན་པའི་གཞན་ལ་རྐུ་བྱེད་པ་དང་འཕྲོག་བཅོམ་སོགས་ལྟ་བུ་ཡང་། གནས་ལུགས་ཀྱི་ཞིབ་ཕྲ་འབྱེད་རྒྱུ་ཡོད་པར་བརྗོད། རྐུ་བྱེད་པ་དང་འཕྲོག་བཅོམ་སོགས་ཀྱིས་མཚོན་པའི་མི་སྤྱོད་ལས་འདས་པའི་བྱ་བཞག་གང་དུའང་རང་སར་གནས་ལུགས་དོག་ཙམ་ངོ་སྤྲོད་ཐུབ་པ་བདེན་མོད། འོན་ཀྱང་སྤྱི་ཡོངས་ཀྱི་དགོས་དབང་ལས་བྱུང་བའི་མི་ཚུལ་ཀུན་སྤྱོད་རིག་པ་གཞིར་བྱས་པའི་ལུགས་མཐུན་གྱི་ཁྲིམས་ལུགས་རིག་པས་ཁོ་ཚོ་གུ་ཡངས་སྟེར་མི་ཐུབ་པ་ཡིན། དེས་ན་ང་ཚོས་དགེ་ལས་དང་བཟང་སྤྱོད་ཅེས་པར་དོ་སྣང་གིས། རང་ཉིད་མི་བུ་ཚད་དང་རན་པ་ཞིག་ཡོང་བར་ཧུར་བརྩོན་དགོས་པ་རྩོད་མེད་ཀྱི་ལས་དོན་ཞིག་ཡིན། དེའི་ཕྱིར་འདི་དག་གི་ས་བོན་ལྟ་བུ་བྱིས་དུས་སུ་སེམས་ནང་འདེབས་དགོས་པའི་གནད་འགག་ཀྱང་དེ་ཡིན། ང་ཚོའི་ཕ་མ་དང་དགེ་རྒན་རྣམས་ཀྱིས་བུ་ཕྲུག་གི་རྣ་བའི་ལམ་དུ་དགེ་ལས་དང་བཟང་སྤྱོད་ཅེས་པའི་སྒྲ་ཙམ་ཡོང་དུ་མི་འཇུག་པར། དེ་ལས་ལྡོག་པའི་མི་སྙན་པའི་སྐད་ཆའི་ཆར་སྤྲིན་འབབ་ཅི་ཐུབ་བྱེད་པ་ནི་ཤིན་ཏུ་ཡིད་སྐྱོ་དགོས་པ་ཞིག་ཡིན། དེའི་ཕྱིར་སྤྱི་ལ་ཕན་པའི་འགན་འཁྲི་གཅེས་པར་བཟུང་སྟེ་བུ་ཕྲུག་རྣམས་ཀྱི་མ་འོངས་མདུན་ལམ་སྙིང་ལ་ཉར་ཅིང་། བྱིས་པའི་ན་ཚོད་དེ་དགེ་ལས་དང་བཟང་སྤྱོད་ཀྱི་ཁྲོད་དུ་འཇོན་མི་ཞིག་སྐྱེད་སྲིང་དགོས་པ་ནི་ཚན་པ་དང་པོའོ།mpP

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།