༄༅།། འཛིན་གྲྭའི་འཛིན་བདག་ལེགས་པོ་ཞིག་ཇི་ལྟར་བྱེད་དགོས་སམ།
སྤེལ་དུས།  2018-01-10  རྡེབ་ཚད།   ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། གཡང་སྐྱིད།  རྩོམ་སྒྲིག་པ། lobsang

དེ་ཡང་།  ཚང་མས་མཁྱེན་གསལ་ལྟར་འཛིན་གྲྭའི་འཛིན་བདག་ནི་རང་གི་འཛིན་གྲྭ་དང་སློབ་མའི་ལས་སློབ་གང་སྤྱིའི་ཐད་ཀྱི་སྣེ་ཁྲིད་བྱེད་མཁན་དང་སློབ་གསོ་སྤེལ་མཁན།  དེ་བཞིན་སློབ་མའི་ཀུན་སྤྱོད་དང་སྦྱངས་འབྲས།  ལུས་ཁམས།  ངལ་རྩོལ་སོགས་ཕྱོགས་ཡོངས་ནས་གསོ་སྐྱོང་བྱེད་མཁན་རེད།  དེས་ན།  བསླབ་ཚན་ཁག་གི་སློབ་ཁྲིད་ཁྲོད་དགེ་སློབ་རྣམས་འཆམ་མཐུན་དང་།  སློབ་གྲྭའི་སློབ་གསོ་དང་ཁྱིམ་ཚང་གི་སློབ་གསོ།  སྤྱི་ཚོགས་ཀྱི་སློབ་གསོ་བཅས་ཕན་ཚུན་མཚམས་སྦྱོར་འབྲེལ་མཐུད་སོགས་ཀྱི་འོས་འགན་ལྡན་ཡོད་པ་མ་ཟད།  སློབ་མ་རྣམས་བདེ་ཐང་ངང་ཕྱོགས་ཡོངས་ནས་འཚར་ལོངས་ཡོང་བར་དམིགས་བསལ་གྱི་ནུས་པ་ཞིག་ཐོན་བཞིན་ཡོད།  འཛིན་གྲྭའི་འཛིན་བདག་གི་ལས་ཀ་ནི་མ་གཞི་རྙོག་འཛིང་དང་དཀའ་ཚེགས་ཆེ་བ་ཞིག་ཡིན་རུང་དགེ་རྒན་རང་ངོས་ནས་ལུས་སེམས་གཉིས་ཀ་འཛིན་བདག་གི་ལས་ཀའི་སྟེང་དུ་བཞག་ནས་ལས་འགན་ཁག་ལེགས་སྒྲུབ་བྱས་ན་གྲུབ་འབྲས་ཀྱང་བཟང་བོ་ཐོབ་ཀྱི་ཡོད་པ་སྨོས་ཅི་དགོས།  རང་ཉིད་ཀྱིས་ལོ་མང་འཛིན་བདག་བྱེད་རིང་ཐོབ་པའི་ལས་ཀའི་ཉམས་མྱོང་དག་གཞན་ཕན་ལྷག་བསམ་དཀར་བོའི་ཀུན་སློང་གཙང་མ་ཞིག་འཁྱེར་ཏེ།  ལས་རོགས་རྣམས་ལ་བགྲོ་གླེང་གི་ཚུལ་དུ་རེ་ཞིག་གླེང་བར་འདོད་པས།  ཁྱེད་རྣམས་ནས་གལ་ཆེའི་བཀའ་སློབ་གང་མང་ལྷུག་པོར་བསྩལ་རྒྱུའི་འདུན་པ་ཆེ།xuz

དང་པོ།  སློབ་མ་ཡོངས་ལ་འདྲ་མཉམ་གྱི་ལྟ་བ་འཛིན་རྒྱུ།xuz

སློབ་མ་ཡོངས་ལ་འདྲ་མཉམ་གྱི་ལྟ་བ་འཛིན་རྒྱུ་ནི་འཛིན་བདག་ཅིག་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་དང་པོ་དེ་རེད།  གྲགས་ཅན་གྱི་སློབ་གསོ་མཁས་ཅན་ཞིག་གིས་གསུངས་དོན།  མཚར་སྡུག་གྲུང་ཤ་དོད་པའི་བྱིས་པར་སྐྱེ་བོ་ཚང་མའི་དགའ་སེམས་ཐོབ།  བྱིས་པའི་ཕྱི་གཟུགས་ཀྱི་རྣམ་པར་མ་བལྟོས་པར་བཏང་སྙོམས་ཀྱིས་དགའ་བོ་བྱེད་མཁན་ནི་དགེ་རྒན་ངོ་མ་ཞིག་རེད་ཅེས་པའི་དོན་འདིར་བསམ་ཚེ།  འཛིན་བདག་ཅིག་གི་ངོས་ནས་བརྗོད་ན་སློབ་མ་ཡོངས་ལ་འདྲ་མཉམ་དང་བཏང་སྙོམས་ཀྱི་ལྟ་ཚུལ་འཛིན་པ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།  དེ་ལྟར་བྱུང་ན་གཞི་ནས་འཛིན་བདག་ཅིག་ལ་སློབ་མ་ཡོངས་ཀྱི་ཡང་དག་པའི་ངོས་འཛིན་དང་སེམས་གཏིང་ནས་གུས་བཀུར་དང་བརྩི་འཇོག་ཐོབ་ཀྱི་ཡོད།xuz

གཉིས་པ།  རྟག་ཏུ་སློབ་མའི་སེམས་ཁམས་ཀྱི་འགྱུར་ལྡོག་ལ་སྣང་འཇོག་བྱེད་དགོས།xuz

འཛིན་བདག་གིས་འཛིན་གྲྭའི་སློབ་མ་ཡོངས་ཀྱི་སེམས་ཁམས་ཀྱི་འགྱུར་བའམ་བསམ་ཚུལ་གང་ཡིན་ཤེས་རྟོགས་ཐུབ་པར་བྱས་ཏེ།  སློབ་མ་རྣམས་ལུས་བདེ་སེམས་སྐྱིད་ངང་སློབ་སྦྱོང་ལ་རོལ་བའི་འགན་ལེན་བྱ་དགོས།  དེ་ཡང་སློབ་མའི་ཁྱིམ་ཚང་གི་གནས་ཚུལ་ལམ་ཡང་ན།  སློབ་མ་ཕན་ཚུན་བར་གྱི་འགལ་བ།  དེ་བཞིན་རྒན་ལགས་ཀྱིས་བཀའ་བཀྱོན་གནང་བ།  དེ་མིན་སློབ་མ་རང་ངོས་ལ་བརྗོད་མི་བདེ་བའི་གནས་ཚུལ་འཕྲད་པ་སོགས་ཀྱི་རྐྱེན་པས།  སློབ་མར་ལུས་སེམས་མི་བདེ་བའི་གནས་ཚུལ་འཕྲད་ཀྱི་ཡོད་པས།  འཛིན་བདག་གིས་དུས་ཐོག་ཏུ་སློབ་མ་སོ་སོའི་གནས་ཚུལ་གང་ཡིན་འདྲི་བའམ་ཡང་ན་སློབ་མ་གཞན་བརྒྱུད་ནས་འདྲི་བ།  ཡང་ན་ཁྱིམ་བདག་དང་འབྲེལ་བ་བྱས་ནས་གནས་ཚུལ་ཤེས་རྟོགས་བྱེད་པ་སོགས་མདོར་ན་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་སློབ་མའི་སེམས་ཁམས་ཤེས་རྟོགས་བྱས་ཏེ།  སློབ་མ་ཕན་ཚུན་བར་འཁྲུག་རྩོད་རྒྱག་པ་དང་སྦྱངས་འབྲས་ཞན་དུ་འགྲོ་བ་ལ་སོགས་པའི་གནས་ཚུལ་མཐའ་དག་མི་ཡོང་བའི་འགན་ལེན་བྱ་དགོས།xuz

གསུམ་པ།  རང་དཔེ་གཞན་སྟོན་བྱས་ནས་ཀུན་སྤྱོད་སློབ་གསོ་གཏོང་དགོས།xuz

འཛིན་གྲྭར་ཤིང་ཏོག་ཨ་མྲ་ལྟར་ཕྱི་ནང་གཉིས་ཀ་སྨིན་པའི་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་ཡོད་ལ་ཕྱི་སྨིན་ལ་ནང་མ་སྨིན་པའམ་ཡང་ན་ནང་སྨིན་ལ་ཕྱི་མ་སྨིན་པའི་སྤྱོད་ཡོན་གཉིས་ལས་ཡ་གཅིག་ལས་མ་སྨིན་པའི་སློབ་མ་མི་ཉུང་བ་ཞིག་ཡོད།  ད་དུང་ཕྱི་ནང་གཉིས་ཀ་མ་སྨིན་པའི་སྤྱོད་ཡོན་གཉིས་ཀར་ལྟ་སོ་མེད་པའི་སློབ་མའང་རེ་གཉིས་ཡོད།  དེས་ན་དང་ཐོག་འཛིན་བདག་གིས་རང་དཔེ་གཞན་སྟོན་བྱ་རྒྱུ་ནི་གལ་ཤིན་ཏུ་ཆེ་བ་ཞིག་ཡིན་ཏེ།  དགེ་རྒན་གྱི་མི་ཚེའི་ལྟ་བ་དང་རིན་ཐང་གི་ལྟ་བ།  དེ་བཞིན་འཚོ་བར་འཛིན་པའི་དགའ་སྐྱོ་ཆགས་སྡང་སོགས་ཚང་མས་སློབ་ཕྲུག་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཀྱི་ཡོད་པས་རྣམ་ཀུན་འཛིན་བདག་རང་ངོས་ནས་འཛིན་གྲྭའི་སློབ་མར་སློབ་གསོ་གཏོང་བའམ་སློབ་ཁྲིད་བྱེད་པ་སོགས་མདོར་ན་རྣམ་ཀུན་གྱི་ལས་ཀ་དང་འཚོ་བ།  དེ་བཞིན་གྱོན་གོས་སོགས་གང་སྤྱིའི་ཐད་ལག་ལེན་དངོས་ཀྱིས་སློབ་མར་མིག་དཔེ་བཟང་བོ་ཞིག་སྟོན་པ་ནི་གལ་ཤིན་ཏུ་ཆེ།  ལྷག་པར་དུ་གྲགས་ཅན་གྱི་མི་སྣས་བརྩམས་གནང་བའི་ལེགས་བཤད་དུམ་བུ་རེ་གཉིས་སམ་ཡང་ན་ཀུན་སྤྱོད་སློབ་གསོ་དང་ཐད་ཀར་འབྲེལ་བ་ཡོད་པའི་གཏམ་དཔེ་འགའ་རེ་སྐྱོར་དུ་འཇུག་པ་སོགས་ཀྱི་ཐབས་ལམ་སྤྱད་དེ་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་བཟང་བོ་ཞིག་གསོ་སྐྱོང་བྱེད་པ་ནི་འཛིན་བདག་གི་འགན་འཁྲི་འདོར་དུ་མེད་པ་ཞིག་རེད།xuz

བཞི་བ།  ཁྱིམ་བདག་གི་ལྟ་སྐུལ་ནུས་པ་གང་ལེགས་འདོན་སྤེལ་བྱ་རྒྱུ།xuz

སློབ་མ་གསོ་སྐྱོང་ནི་དགེ་རྒན་གཅིག་པུའི་འོས་འགན་མ་ཡིན་པར།  དེ་ནི་ཁྱིམ་ཚང་དང་སློབ་གྲྭ  དེ་བཞིན་སྤྱི་ཚོགས་སོགས་ཟུང་འབྲེལ་གྱིས་ལེགས་སྒྲུབ་བྱེད་པའི་བྱ་བ་ཞིག་རེད།  དེ་ཡང་ལོ་ཏོག་ཅིག་སྨིན་དགོས་ན་ངེས་པར་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གཉིས་ཀྱི་རྒྱུ་ཚང་དགོས་པ་ཡིན།  དེ་ཡང་ས་བོན་ནི་སློབ་མ་རང་ཉིད་ཡིན་པ་དང་དེ་ནི་ཉེར་ལེན་ཏེ་རང་འབྲས་རང་གི་རྫས་རྒྱུན་དུ་གཙོ་བོར་སྐྱེད་བྱེད་དེ་རེད།  ས་བོན་གཅིག་པུ་ཡོད་པ་ལས་འབྲས་བུ་སྨིན་ཐུབ་ཀྱི་མེད་པས་དེ་ལ་ངེས་པར་དུ་དྲོད་དང་བརླན་གཤེར། ལུད་སོགས་ཀྱི་ལྷན་ཅིག་བྱེད་རྐྱེན་གྱི་རྒྱུ་སྟེ།  རང་འབྲས་རང་གི་རྫས་རྒྱུན་མ་ཡིན་པར་གཙོ་བོར་སྐྱེད་བྱེད་དེ་ཡང་ཚང་དགོས་པ་བཞིན་སློབ་མ་བཟང་བོ་ཞིག་གསོ་སྐྱོང་བྱེད་པར་ཡང་གོང་སྨོས་ཀྱི་ཕྱོཊ་ཚང་མས་གཞོགས་འདེགས་གང་ལེགས་བྱེད་དགོས་པ་ལས་སྟབས་བདེ་བོ་ཞིག་ག་ལ་ཡིན།  དེར་བརྟེན་རྣམ་ཀུན་དགེ་རྒན་གྱི་སློབ་གསོ་ཁོ་ནར་བརྟེན་ནས་སློབ་མ་གསོ་སྐྱོང་བྱེད་པ་མ་ཡིན་པར་ཁྱིམ་བདག་གི་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་ཡང་གལ་འགངས་ཆེ།  རང་ཉིད་ཀྱིས་ཟླ་རེའི་ཁྱིམ་བདག་གི་ཚོགས་འདུར་མཐོང་ཆེན་བྱས་ཏེ་ཚོགས་འདུའི་ནང་དོན་གྲ་སྒྲིག་གང་ལེཊ་བྱེད་པ་དང་།  ཚོགས་འདུའི་ཐོག་སློབ་མ་སོ་སོའི་སྦྱངས་འབྲས་དང་བསམ་བློ་ཀུན་སྤྱོད་སོགས་ལ་དབྱེ་ཞིབ་དང་གསལ་བཤད་བྱེད་པ་མ་ཟད།  སློབ་གསེང་སྐབས་སློབ་མའི་འཚོ་བ་སོགས་ལ་ཁྱིམ་བདག་དང་བགྲོ་གླེང་གཏིང་ཟབ་བྱས་ཏེ།  ཡུལ་དང་མཐུན་པའི་སྒོ་ནས་སློབ་མར་སློབ་གསོ་གཏོང་བ་དང་།  ད་དུང་ཁྱིམ་བདག་ལའང་རེ་བ་ནན་པོ་བཏོན་ཏེ་ཁོ་ཚོའི་བྱ་སྤྱོད་དང་སེམས་ཁམས་ཀྱི་འདུ་ཤེས་སོགས་གང་སྤྱིའི་ཐད་སློབ་མར་མིག་དཔེ་བཟང་བོ་འདོན་དགོས་ལ།  སློབ་མའི་འགྲོ་སྡོད་སྤྱོད་གསུམ་སོགས་ཕྱོགས་གང་སྤྱིའི་ཐད་ལ་ལྟ་སྐུལ་ནན་པོ་བྱ་རྒྱུའི་རེ་བ་འདོན་དགོས།xuz

ལྔ་བ།  སྤྱོད་ཡོན་གཉིས་ལྡན་གྱི་སློབ་མའི་དཔེ་མཚོན་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ།xuz

འཛིན་གྲྭའི་ནང་སྦྱངས་འབྲས་ཞན་པའི་སློབ་མར་སློབ་གསོ་གཏོང་རྒྱུ་དང་ཁོ་ཚོའི་སྦྱངས་འབྲས་ལེགས་སུ་གཏོང་རྒྱུ་ནི་འཛིན་བདག་གི་ལས་འགན་ལྕི་བོ་ཞིག་རེད་ལ།  འཛིན་གྲྭ་ཧྲིལ་བོའི་སྦྱངས་འབྲས་བཟང་ཞན་ཐག་གཅོད་པའི་འགག་རྩའི་གནད་དོན་ཞིག་ཀྱང་རེད།  དེའི་སྐབས་སུ་འཛིན་བདག་གིས་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མའི་དཔེ་མཚོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།  སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་དང་སྦྱངས་འབྲས་ཞན་པའི་སློབ་མ་ཕན་ཚུན་བར་ཁ་གཏད་རོགས་སྐྱོར་བྱེད་པའི་ཐབས་སྤྱོད་པ་མ་ཟད།  ཚོགས་ཆུང་ཁག་བགོས་དང་ཚོགས་ཆུང་བར་འགྲན་བསྡུར་བྱེད་སྒོ་སྤེལ་ཏེ།  ཡར་རྒྱས་མངོན་གསལ་ཕྱིན་པར་བྱ་དགའ་སྤྲོད་པ་སོགས་ཀྱི་ཐབས་ལམ་སྤྱད་ན།  སློབ་མའི་སློབ་སྦྱོང་གི་རང་འགུལ་གྱི་བསམ་བློ་སྐྱེད་སྲིང་ཐུབ་པ་མ་ཟད།  སློབ་སྦྱོང་ཐད་ཀྱི་འགྲན་རྩོད་འདུ་ཤེས་ཟབ་ཏུ་གཏོང་ཐུབ་ཅིང་།  དེ་བཞིན་འཛིན་གྲྭའི་མཉམ་སྡེབ་ཀྱི་འདུ་ཤེས་ཀྱང་གསོ་སྐྱོང་ཐུབ་ཀྱི་ཡོད།xuz

མདོར་ན།  སློབ་གསོ་མེད་ན་འབྱུང་འགྱུར་མེད།  དེས་ན་འཛིན་བདག་ནི་སློབ་མའི་རྨོངས་མུན་སེལ་བྱེད་ཀྱི་སྒྲོན་མེ་དང་ཤེས་བྱའི་རྒྱ་མཚོ་སྒྲོལ་མཁན་གྱི་དེད་དཔོན།  དེ་བཞིན་མི་ཚེའི་འགྲོ་ལམ་སྟེང་གི་ཕ་མ་གཉིས་པ་དེ་ཡིན་སྟབས།  མིང་དོན་མཚུངས་པའི་འཛིན་བདག་བཟང་བོ་ཞིག་བྱེད་དགོས་ན་གོང་སྨོས་ཉམས་མྱོང་ལས་བྱུང་བའི་ཆ་རྐྱེན་དེ་དག་ནི་མ་མཐར་ཡང་ཚང་དགོས་པར་འདོད་དོ།།xuz

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།