༄༅།། ཞི་དྲག་སློབ་གསོའི་བརྒྱུད་རིམ།
སྤེལ་དུས།  2017-09-06  རྡེབ་ཚད།   ཡོང་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། གངས་བུ་སྨན་ཆར།   རྩོམ་སྒྲིག་པ། lobsang

ཡོན་ཏན་འབྱུང་གནས་ལ་ཕྱག་འཚལ་ལོ།། སྤྱིར་སློབ་གསོ་ལ་རིགས་མང་དུ་མཆིས་མོད། འདིར་བྱིས་པའི་སློབ་གསོ་ཅུང་ཟད་ཅིག་གླེང་། བྱིས་པའི་སློབ་གསོ་ནི་བྱིས་པའི་བློ་རིག་འཕེལ་རྒྱས་ཇེ་ལེགས་སུ་གཏོང་བྱེད་ཀྱི་ཐབས་ལམ་ཞིག་ལ་ཟེར། དེའང་བྱིས་པ་མའི་མངལ་ན་གནས་པའི་དུས་ནས་བཟུང་ན་ཚོད་ལང་ཚོ་རྫོགས་པའི་བར་གྱི་བློ་སྟོབས་འཕེལ་བའི་ཐབས་ཤིག་ལ་ངོས་འཛིན་དགོས་པས། བྱིས་པ་མའི་མངལ་ན་ཡོད་པའི་དུས་སུ། ཕ་མ་རྣམས་ཀྱིས་རྒྱུན་སྤྱོད་སྐད་ཆ་ཁ་གསལ་གོ་བདེ་ངག་འཇམ་ལྷོད་ཆགས་སྤུས་དག་བཤད་ཅི་ཐུབ་བྱེད་རྒྱུ་དང་། བྱམས་བརྩེ་ཞི་བདེ་དང་འབྲེལ་བའི་གསུང་བཤད་སྤུས་དག  འཇམ་སྙན་ཡིད་འོང་གི་རོལ་དབྱངས་སྙན་མོ་དག་ཨ་མས་རྒྱུན་དུ་མྱོང་རོལ་བྱེད་རྒྱུ་དང་། བཟའ་བཏུང་སྤྱོད་ལམ་སོགས་བྱིས་པའི་ལུས་སེམས་ལ་གནོད་པའི་རིགས་སྤོང་རྒྱུ་སོགས་ནི། བྱིས་པ་མངལ་གནས་སྐབས་ཀྱི་བྱིས་པའི་སློབ་གསོ་རེད་ཅེས་བརྗོད་ན་ཅིས་མི་ཆོག  དེས་ན་འདི་ནི་ཕ་མ་རྣམས་ཀྱིས་སེམས་ལ་ངེས་དགོས་པའི་མན་ངག་ཅིག་རེད། དེ་ལྟར་བྱིས་པ་མངལ་གནས་སྐབས་ཕ་མ་རྣམས་ཀྱིས་ལག་ལེན་ཚད་ལྡན་བྱེད་ཐུབ་ཚེ། བྱིས་པ་བཙས་ཟིན་པའི་རྗེས་སུ་ཡུན་མི་རིང་བར་སྐད་ཆ་སྨྲ་ཤེས་ཤིང་དོན་གོ་བར་ཕན་ནུས་ཡོད། བྱིས་པ་རྣམས་ལ་ཆུང་དུས་ནས་ཞེ་སྡང་དང་གདུག་རྩུབ་ཀྱི་ངན་སྤྱོད་ལོབས་སུ་མི་འཇུག་པར་ཞི་བདེ་བྱམས་བརྩེའི་ངང་ནས་རྩེད་མོ་རྩེ་བ་སོགས་བྱེད་དུ་བཅུགས་ཚེ། རང་ཤུགས་ཀྱིས་བྱིས་པ་རྣམས་ཡ་རབས་གཤིས་འཇམ་དུ་འགྱུར་བའི་དགོས་པ་ཡོད། གོ་ཐོས་སུ་ཕྱི་རྒྱལ་གྱི་བྱིས་པའི་གསོ་སྐྱོང་ཁང་དུ་བྱིས་པ་ལོ་ལྔ་དྲུག་བདུན་བརྒྱད་བར་མང་པོ་ཞིག་ལྷན་དུ་བཞག་འདུག་ཟེར། ཤར་ཕྱོགས་ཀྱི་མི་ཞིག་གིས་བྱིས་པའི་གཉོར་སྐྱོང་བྱེད་མཁན་ལ་འདི་འདྲའི་བྱིས་པ་མང་པོ་ཞིག་མཉམ་དུ་བཞག་ཚེ་འཛིང་རྩོད་རྡུང་རེས་བྱས་ཏེ་བྱིས་པ་རྣམས་གཅིག་གིས་གཅིག་མི་སྣད་དམ། ཞེས་དྲིས་ཚེ། བྱིས་པའི་གཉོར་སྐྱོང་མཁན་གྱིས། འོ་བྱིས་པ་འདི་དག་གིས་འཛིང་རྩོད་ཤེས་ནི་མ་རེད། ཅིའི་ཕྱིར་ཞེ་ན། སྐྱེས་པ་ནས་བཟུང་བྱིས་པ་འདི་དག་གི་མཐོང་ས་ནས་སུས་ཀྱང་རྒྱག་རེས་འཛིང་རྩོད་བྱེད་མི་ཆོག་པས་བྱིས་པ་རྣམས་ཀྱིས་དེ་མཐོང་མ་མྱོང་བ་དང་། བྱིས་པའི་མཐོང་སར་བརྙན་འཕྲིན་སོགས་ཀྱང་ཞི་འཇམ་ལྷོད་ཆགས་བྱམས་བརྩེ་ཡ་རབས་དང་འབྲེལ་བའི་རྩེད་མོ་སོགས་བཤམས་པ་ལས། མ་རབས་གཡོ་སྒྱུ་རྒྱག་རེས་འཛིང་རྩོད་སོགས་རྩ་བ་ནས་སྟོན་གི་མེད་པས། བྱིས་པ་འདི་དག་གིས་རྒྱག་རེས་འཛིང་རྩོད་ཤེས་པ་མ་རེད། ཅེས་ལན་བཏབ་ཚུལ་གྱི་ལོ་རྒྱུས་འདི་ལས་ཀྱང་དོན་ཆེན་པོ་ཞིག་རྟོགས་རྒྱུ་འདུག་སྙམ། ང་ཚོ་བོད་ཀྱི་སྲོལ་རྒྱུན་ལ། བྱིས་པ་ཞིག་སྣ་རྡོ་ཕོག་སྟེ་ངུ་ཁ་མ་ལོན་ཚེ། ཕ་མ་དང་ཕུ་བོ་ཨ་ཇེ་སོགས་ཀྱིས་བྱིས་པ་ལོ་ལོ་ཁྱོད་མ་ངུ་དང་ངས་ཁྱོད་ལ་གནོད་སྐྱེལ་བའི་རྡོ་ལོག་འདི་གཅར་རྡུང་ཅིག་བྱེད་ཟེར་ནས། རྡོ་ལ་ཕུ་ཐུང་གིས་བཀྲབ་པ་དང་རྡོག་ཐོ་བསྣུན་པ། དེ་བཞིན་བྱིས་པ་ས་ལ་འདྲེད་ཚེ་ས་ཐོག་ལ་རྐང་རྡིག་བྱེད་པ་ལྟ་བུས་མཚོན་ཆུང་དུས་ནས་དགྲ་མིན་དགྲར་འཛིན་གྱི་ཞེ་སྡང་དང་འབྲེལ་བའི་ངན་སྤྱོད་སྣ་མང་ཞིག་དངོས་སམ་བརྒྱུད་ནས་སློབ་ཏུ་འཇུག་གིན་ཡོད། དེ་བས་བྱིས་པ་ས་ལ་འདྲེད་ཅིང་སྣ་རྡོ་ཕོག་ཀྱང་བྱིས་པ་ལ་འཇམ་པོ་དྲང་མོ་རྒྱུ་མཚན་གྱི་ལམ་ནས་སློབ་གསོ་སྤེལ་བ་ནི་ཆེས་ཤིན་ཏུ་ཡང་གལ་ཆེའོ།། དེའང་བྱིས་པས་ནོར་འཁྲུལ་གང་ཞིག་བཟོས་ཚེ། ཕ་མ་དང་ཕུ་བོ་སོགས་ཀྱིས། གཅེས་ཕྲུག་ལོ་ལོ། མ་ངུ། ས་རྡོ་འདི་དག་གིས་སེམས་ཤེས་ནི་མ་རེད། ད་ཕན་ཁྱོད་ཀྱིས་གཟབ་གཟབ་གྱིས་དང་ཁྱོད་ལ་འདི་འདྲ་ཡོང་ནི་མ་རེད། ཁྱོད་ཀྱིས་ལྟོས་དང་གཟབ་གཟབ་མ་བྱས་ན་འདི་འདྲ་ཞིག་རེད་ང་ཡང་འདྲེད་འགྲོ་གི་འདུག་ཟེར་ནས་རང་ཡང་བྱིས་པའི་མདུན་སར་འདྲེད་པའི་བཟོ་ལྟ་བྱེད་པ་དང་། འོ་གཟབ་གཟབ་བྱས་ན་སྐྱོན་མི་འདུག་ལྟོས་དང་ཟེར་ནས་ཡར་ལང་སྟེ་དགའ་དགའ་སྤྲོ་སྤྲོ་བྱས་ནས་བྲོ་འཁྲབ་པ་དང་ཡར་རྒྱུག་མར་རྒྱུག་བྱེད་ཞོར་གད་མོ་དགོད་པ་སོགས་བྱས་ན། བྱིས་པའི་ངུ་ངག་ཀྱང་ཆད་འགྲོ་ཞིང་བྱིས་པ་ལའང་ནམ་རྒྱུན་གཟབ་གཟབ་བྱེད་དགོས་པའི་འདུ་ཤེས་སྐྱེས་ཏེ། དྲན་ཤེས་བག་ཡོད་ཀྱི་སློབ་གསོ་ཞིག་ཀྱང་ཐེབས་ཐུབ་པ་རེད། DAY

འོ་ན་ཞི་བའི་ལམ་ནས་སྐད་ཆ་བཤད་པ་རྐྱང་རྐྱང་གིས་བྱིས་པ་རྣམས་ལ་སློབ་གསོ་བྱེད་དགོས་སམ་ཞེ་ན།  དེའང་མིན་ཏེ་མཚམས་རེར་ཅུང་ཟད་གཅར་རྡུང་བྱས་ནའང་དགེ་མཚན་ཡོད་དེ། ཨ་རིའི་སློབ་གྲྭ་ཞིག་ཏུ་བྱིས་པ་སློབ་གྲྭར་ཕྱིན་པ་ཞིག་ལ་རང་གིས་ཨ་མས་རྡུང་བརྡེགས་ཅུང་ཟད་བྱས་པས་བྱིས་པ་ཨ་མའི་སྟེང་དུ་ཁོང་ཁྲོ་ལངས་ཏེ་ཁྲིམས་ལ་གཏུགས་ནས། ངའི་ཨ་མས་ང་ལ་བརྡུང་བརྡེགས་བྱས་སོང་བས་ཁྲིམས་ཁང་དུ་འཇུག་དགོས་ཚུལ་སྨྲས་པས་ཨ་མ་ཁྲིམས་སུ་བཅུགས། མཚན་མོ་བྱིས་པ་ཁེར་རྐྱང་དུ་ཉལ་མ་ཕོད་ནས་ངའི་ཨ་མ་ཁྲིད་ཤོག་ཅེས་བསྐུལ་བས་ཡང་ཁྲིམས་ཁང་ལས་བཏོན་པ་སོགས་ཀྱི་གནས་ཚུལ་ཡང་ཡོད། འདི་དག་ཆེས་འདྲ་མཉམ་དང་རང་དབང་ཡོད་པའི་རྟགས་མཚན་རེད་ཅེས་ཕྱོགས་གཅིག་ནས་བསྟོད་བསྔགས་ཀྱི་གནས་སུའང་འདུག་མོད། འོན་ཀྱང་ཧ་ཅང་གི་མཐའ་ཞིག་ལ་ལྷུང་ཡོད་པའི་ཉེན་ཁ་ཞིག་ཀྱང་འདུག་སྙམ།DAY

ཡང་ཕྱི་ཕྱོགས་འགྲིམས་པའི་གྲོགས་པོ་ཞིག་གིས་སྐད་ཆ་བཤད་རྒྱུར། སྔོན་ཆད་ཉིས་སྟོང་བདུན་བརྒྱད་ཡར་སྔོན་དུ་ཨ་རིའི་བྱིས་པའི་སློབ་གྲྭ་དག་ཏུ་བྱིས་པ་རྣམས་ལ་དགེ་རྒན་གྱིས་འཇམ་པོ་རྐྱང་རྐྱང་གིས་སློབ་གསོ་སྤེལ་བ་ལས། གཅར་རྡུང་རྩད་ནས་བྱེད་མི་ཆོག་པའི་སྒྲིག་གཞི་ཡོད། ད་སྐབས་ཨ་རིའི་སློབ་གྲྭ་ཁག་ཏུའང་ཉམས་མྱོང་གི་བརྒྱུད་རིམ་མང་པོ་བརྒྱུད་མཐར། འཇམ་པོ་རྐྱང་རྐྱང་དང་ཅུང་ཟད་གཅར་རྡུང་ཡང་བྱས་ན་དགེ་སྐྱོན་གང་ཆེ་བསྡུར་བས་ཕྱི་མའི་ལམ་དུ་བསྐྱོད་འགོ་བཙུགས་པ་རེད། དེའི་རྒྱུ་མཚན་ཡང་། འཇམ་པོ་རྐྱང་རྐྱང་བྱས་ཚེ་དེ་རིང་དགེ་རྒན་གྱིས་སློབ་ཁྲིད་མཇུག་གྲོལ་སྐབས། སློབ་ཕྲུག་ཚོར་སློབ་སྦྱོང་ཡག་པོ་དང་། ལས་བྱ་ཚད་ལྡན་འབྲི་རོགས་ཞེས་བསྐུལ་ཀྱང་ལེགས་སོ་ཟེར་ནས་མཇུག་གྲོལ་འགྲོ། སང་ཉིན་སློབ་ཁྲིད་ལའང་མི་འོང་བ་དང་གལ་ཏེ་འོང་རུང་ལས་བྱ་གཅིག་ཀྱང་བྲིས་མེད་ཚེ་དགེ་རྒན་གྱིས་ཁྱོད་ཀྱིས་སློབ་སྦྱོང་ཡག་པོ་བྱས་མི་འདུག་ཅེས་ངག་ཐོག་ནས་བཀའ་བཀྱོན་ཅུང་ཙམ་བྱས་རུང་། དགོངས་དག་ཞུ། ཞེས་ཟེར་བས། འདི་ལྟར་ཞི་བ་རྐྱང་རྐྱང་གི་སློབ་གསོ་མུར་མཐུད་ཚེ། ལགས་སོ་དང་དགོངས་དག་གཉིས་ཀྱི་བར་ནས་བྱིས་པའི་མི་ཚེ་རིག་གནས་དང་ཀུན་སྤྱོད་གང་ཡང་འཕེལ་རྒྱས་སུ་མི་འགྲོ་བར་སྟོང་ཟད་འགྲོ་བའི་ཉེན་ཁ་འདུག་ཟེར་བཞིན་ཡོད། ཅེས་གསུངས་པའང་ཁུངས་ལུང་ཡོད་མེད་གང་ལྟར་ཡང་། དངོས་གནས་ཉམས་མྱོང་གིས་གྲུབ་པ་ཞིག་རེད་སྙམ།DAY

དེས་ན་སྔོན་གྱི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས།DAY

ལོ་ལྔའི་བར་དུ་བུ་རྣམས་བྲིད། །DAY

ལོ་བཅུའི་བར་དུ་དགྲ་ལྟར་བརྡེག །DAY

བཅུ་དྲུག་ལོན་པར་གྱུར་ནས་ནི། །DAY

བུ་ལ་མཛའ་ལྟར་བྱ་བར་གསུངས། །DAY

ཞེས་གསུངས་པ་ལྟར། བྱིས་པ་ལོ་གཅིག་ནས་ལོ་ལྔ་ལོན་པའི་བར་ཕ་མ་དང་དགེ་རྒན་སུ་ཡིན་ཡང་རང་གི་སྐྱོང་རྒྱུའི་བྱིས་པ་དེར་ངག་འཇམ་དང་། ཟས་ཞིམ་སོགས་འཇམ་པོ་འབའ་ཞིག་གི་ཐབས་ཀྱིས་བྲིད་པ་དེ་ཐབས་ལམ་བཟང་ཤོས་དང་། ལོ་དྲུག་ནས་ལོ་བཅོ་ལྔ་ལོན་པའི་བར་གྱི་ལོ་བཅུའི་ཡུན་ལ། བྱིས་པ་ཚོར་ཕ་མ་དང་དགེ་རྒན་གྱི་སེམས་ནང་ནས་མཛའ་སེམས་ཀྱི་འདུན་པ་སྐད་ཅིག་ཀྱང་གཏོང་མི་འོས་མོད། ཕྱི་ཚུལ་ནས་ནི། དགྲ་བོ་ཟིལ་གྱིས་གནོན་པའི་སྤྱོད་ཚུལ་གྱིས་འཇིགས་རུང་གི་རྣམ་པ་ལྟར་བྱ་ཞིང་། སྐབས་དེ་དག་རྣམས་སུའང་འཇམ་པོའི་སློབ་གསོ་དགོས་པ་གཞིར་བཞག་ཐོག་མགོ་བོ་ཡན་ལག་དབང་པོ་སོགས་ལ་མི་གནོད་པར་མཐེབ་བཏོག་ཤ་གཅུ་བྱེད་པ་སོགས་ཅུང་ཟད་དྲག་པོའི་ལམ་ནས་གསོ་སྐྱོང་བྱེད་པ་ཐབས་ལམ་བཟང་ཤོས་ཤིག་དང་། ལོ་བཅུ་དྲུག་ལོན་པ་ནས་བཟུང་སྟེ། མཛའ་བོ་ལ་སྙིང་གཏམ་བཤད་པ་ལྟར་སྐད་ཆའི་ལམ་ནས་རྒྱུ་མཚན་བཤད་དེ་དྲག་པོའི་གཅར་རྡུང་སོགས་རྩ་བ་ནས་མི་བྱེད་པར་འཇམ་པོའི་ཐབས་ལམ་འབའ་ཞིག་བརྒྱུད་ན། ལོ་ཚོད་ཀྱི་དབང་གིས་སྐད་ཆའི་རྒྱུ་མཚན་ལའང་བསམ་གཞིག་གཏོང་ཤེས་པས། བྱས་པ་ཤེས་ཤིང་དྲིན་དུ་གཟོ་བའི་གཤིས་ཀའང་རང་ཤུགས་ཀྱིས་ཆགས་ཐུབ་པས་དེ་འདྲའི་རིམ་པ་བརྒྱུད་ན་ལེགས་ཤོས་ཡིན་སྙམ།DAY

 DAY

ཁོང་ན་བྱམས་བརྩེ་མཚོ་ལྟར་འཕྱུར་ན་ཡང་།།DAY

ཕྱི་ཚུལ་དྲག་སྤྱོད་མེ་ལྟར་འབར་བ་ཡིས།།DAY

ཐབས་མཁས་འཕྲུལ་གྱིས་གཞན་ཕན་ལ་གཞོལ་བ།།DAY

སྐྱེས་མཆོག་དམ་པ་རྣམས་ཀྱི་སྤྱོད་ཚུལ་ལགས།།DAY

ཁོང་ནས་སྡང་སེམས་མེ་ལྟར་འབར་ན་ཡང་།།DAY

གཡོ་སྒྱུའི་འཕྲུལ་ལས་ཀུན་ཀྱང་རློག་བྱེད་པའི།།DAY

སྲིན་མོའི་འཛུམ་དཀར་སོ་ཞོ་ངོམས་པ་ལ།།DAY

ཤེས་ལྡན་སུ་ཞིག་ཡིད་རྟོན་བྱེད་པར་འགྱུར།།DAY

བྱམས་བརྩེ་བདུད་རྩིའི་བཅུད་ཀྱིས་གཏམས་གྱུར་ན།།DAY

ཁ་ཡག་ངོ་དགའི་རྒྱང་གླུ་ལེན་མི་དགོས།།DAY

ནང་གི་མཛའ་བརྩེའི་བཅུད་དང་བྲལ་བ་ན།།DAY

ཁ་དགའ་ངོ་ཡག་བྱས་ཀྱང་དགོས་པ་ཅི།།DAY

ཞེས་ཡུན་ཙམ་ངལ་གསོ་བའི་ཚིགས་བཅད་དོ།།DAY

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།