༄༅།། མི་རིགས་སློབ་གསོ་ལ་ཁྱོན་ཡོངས་ནས་མཐོང་ཆེན་བྱ་དགོས།
སྤེལ་དུས།  2017-08-31  རྡེབ་ཚད།   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  རྩོམ་པ་པོ། ནག་ཀྱཱ་བ་ཤ་བོ་ཚེ་རིང་།   རྩོམ་སྒྲིག་པ། lobsang

ཆབ་དཔལ་རིག་གསུམ་སོགས་ཀྱིས་མཚོན་པའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་ཤིན་ཏུ་མྱུར་བའི་ད་ལྟའི་དུས་རབས་གསར་བའི་ཁྲོད།  འཛམ་གླིང་གི་འགྲོ་འོང་སྔར་ལས་ལྡབ་འགྱུར་གྱིས་སྟབས་བདེར་གྱུར་བ་དང་བསྟུན་ནས་ཕྱི་ནང་གི་ཁྲུན་ཐག་མེད་པར་རྒྱལ་ཁབ་དང་མི་རིགས་ཁག་གི་འགྲན་རྩོད་ཤིན་ཏུ་དབལ་ཚ་ནའང་།  རང་ཚུགས་དང་བཟོ་ལྟ་མ་ཤོར་བར་ཀྲུང་ཧྭ་མི་རིགས་ཀྱི་ཡུལ་གྲུ་ཀུན་ཏུ་སློབ་གསོའི་ཆ་ནས་གྲུབ་འབྲས་སྣ་ཚོགས་ཀྱི་གཟི་དཔལ་ལྷམ་མེར་མངོན་པ་འདི་ནི་མི་རིགས་སོ་སོའི་སློབ་གསོ་ཡར་རྒྱས་བྱ་བ་དང་ཁ་འབྲལ་ཐབས་ཡེ་ནས་མེད།         མི་རིགས་སློབ་གསོ་ནི་རྒྱལ་ཁབ་ཕྱུག་འགྱུར་དང་སྤྱི་ཚོགས་འཆམ་མཐུན།  ཤེས་རིག་འཕེལ་རྒྱས་བཅས་ཀྱི་སྒུལ་ཤུགས་གཙོ་བོར་ཚད་ཐུབ་ཏུ་གྲུབ་པས།  དངོས་ཐོག་བདེན་འཚོལ་སྒོས་མི་རིགས་སློབ་གསོ་ལ་ཁྱོན་ཡོངས་ནས་མཐོང་ཆེན་གང་ལེགས་བྱ་རྒྱུ་ནི་རྒྱལ་ཁབ་སྟོབས་ལྡན་དང་མི་རིགས་ཡར་རྒྱས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་ཡོད།  དེ་ལས་ལྡོག་ཏེ་མི་རིགས་སློབ་གསོ་ལ་ཁྱད་གསོད་དང་དམའ་འབེབས་བྱས་ཏེ་འཆི་ལམ་དུ་དེད་ན་ནི། རྒྱལ་དར་དམངས་ཕྱུག་ཅེས་པའི་ཐ་སྙད་དེའང་སྟོང་བཤད་ཁོ་ན་ཙམ་མོ།         Z5d

གཅིག  རང་གིས་རང་རིགས་ཀྱི་སློབ་གསོ་ལ་བརྩི་མཐོང་བྱ་དགོས། Z5d

མི་རིགས་སློབ་གསོ་ནི་ས་གནས་དང་ཡུལ་དུས་ཀྱི་ཁྱད་ཆོས་དུ་མས་སྲུང་འཛིན་བྱས་ཏེ་ཡར་རྒྱས་འགྲོ་བཞིན་པའི་ཐུན་མོང་མ་ཡིན་པའི་སློབ་གསོའི་རྣམ་པ་ཞིག་ཡིན་པ་སུས་ཀྱང་བསྙོན་དུ་མི་བཏུབ་མོད།  དེ་ཉིད་འཛམ་གླིང་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བསྟུན་ནས་ཡར་རྒྱས་སུ་འགྲོ་དགོས་པས།  མི་རིགས་ས་ཁུལ་གྱི་སློབ་གསོའི་བྱ་བ་གཉེར་མཁན་དང་འབྲེལ་ཡོད་ལས་ཁུངས་གང་འདྲ་ཡིན་ཀྱང་མི་རིགས་རང་གི་སློབ་གསོ་ལ་རང་ཉིད་ཀྱིས་དོ་ཁུར་དང་མཐོང་ཆེན་ལེགས་པོ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ།        Z5d

ས་གནས་དང་མི་རིགས། རྒྱལ་ཁབ་གང་འདྲ་ཞིག་ལ་ཆ་མཚོན་ནའང་ཆབ་སྲིད་དཔལ་འབྱོར།  ཆོས་ལུགས་ལོ་རྒྱུས།  རྩོམ་ཡིག་སྒྱུ་རྩལ།  ཁེ་ལས་བདག་གཉེར།  ཡུལ་ལྗོངས་ལྟ་བསྐོར་སོགས་ཀྱིས་མཚོན་པའི་ལས་དོན་གང་ཞིག་ཡར་རྒྱས་གོང་འཕེལ་དུ་འགྲོ་དགོས་ན།  སློབ་གསོ་ལ་བརྩི་མཐོང་དང་གདེང་འཇོག་མ་བྱས་པར་འཕེལ་རྒྱས་ཟེར་བ་ཞིག་ཡེ་ནས་གླེང་ཐབས་མེད་ལ།  ལྷག་པར་དུ་མི་རིགས་ས་ཁུལ་ལ་ཆ་མཚོན་ནའང་།  རང་གི་ཕ་མེས་གོང་མ་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་དུ་མའི་རིང་གི་དཀའ་སྤྱད་དང་བརྩོན་ཞིབ་ལ་བརྟེན་ནས་གསར་བསྐྲུན་བྱས་པའི་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཤེས་རིག་གི་ཡིད་བཞིན་ནོར་བུ་འདི་ཉིད་ལ་གཅེས་སྤྲས་དང་སྲུང་འཛིན་ལེགས་པོ་བྱས་ཏེ།  སྔོན་ཐོན་མི་རིགས་ཀྱི་ཚན་རྩལ་རིག་གནས་ལ་སློབ་སྦྱོང་བྱས་ནས་མི་རིགས་རང་གི་འཕེལ་རྒྱས་ལ་དུས་དང་རྣམ་པ་ཀུན་ཏུ་འཚམས་པའི་ལེགས་ཆ་རྣམས་དུས་ལྟར་བསྡུ་ལེན་བྱས་ཏེ།  དེ་ཉིད་འཛམ་གླིང་གི་འཕེལ་ཁ་དང་ཡོངས་སུ་འཚམས་པར་བྱེད་རྒྱུ་ནི་ང་ཚོ་རྗེས་རབས་པ་རྣམས་ཀྱི་ཕྲག་ཟུང་དུ་བབས་པའི་འོས་འགན་ལྕི་མོ་ཞིག་ཡིན།       Z5d

བོད་ཅེས་པའི་མི་རིགས་འདི་ས་ཡི་གོ་ལའི་སྟེང་ནས་རྐང་བརྟེན་ལེགས་པོ་ཞིག་འཆའ་དགོས་ན།  སློབ་གསོ་ལ་མི་བརྟེན་ཐབས་མེད་ཡིན།  ང་ཚོས་བསམ་གཞིགས་དང་དཔྱད་ཞིབ། བརྩོན་ཤུགས་ལ་བརྟེན་ནས་མི་རིགས་རང་གི་སློབ་གསོ་ལ་རང་གིས་ཁ་ཞེ་གཉིས་མེད་སྒོས་མཐོང་ཆེན་དང་དོ་ཁུར་ལེགས་པོ་ཞིག་མ་བྱས་ན།  རང་རེའི་མི་རིགས་འདི་ཡང་རྒྱ་མཚོའི་ནང་དུ་ཁངས་སྐྱ་འཕངས་པ་བཞིན་ཡུན་རིང་བོར་གནས་ཐབས་མེད་པར་སྟོང་བའི་དབྱིངས་སུ་ངལ་མེད་དུ་འཐིམས་ངེས་རེད།       Z5d

སློབ་གསོ་བྱ་བ་གཉེར་མཁན་སྤྱི་དང་རང་རེ་རྣམས་ཀྱིས་མི་རིགས་སློབ་གསོ་བྱ་བའི་རིན་ཐང་དངོས་མ་གསེར་ངོ་གསེར་བཞིན་དུ་མ་འཕྲོད་ན།  མི་རིགས་སློབ་གསོ་འཕེལ་རྒྱས་ཟེར་བ་ལ་ཤིན་ཏུ་སྨན་པའི་བྱ་བར་ཤུགས་སྣོན་དང་གནད་དོན་འཚོལ་ཞིབ།  ཆད་པ་ཁ་སྐོང་དང་ཡོད་པ་དངོས་འབེབས་བྱ་ཐབས་ཤིག་གཏན་ནས་འོང་ས་མེད་པས།  ང་ཚོའི་ཤ་དང་རུས་པའི་སྟེང་དུ་ནམ་ཡང་ཆུ་དང་ཉ་མོ་བཞིན་འབྲལ་ཐབས་མེད་པའི་མི་རིགས་ཀྱི་ཤེས་རིག་སོགས་ཀྱིས་མཚོན་པའི་བྱ་བཞག་ཐམས་ཅད་ཀྱང་དར་ཐོག་གི་ཁང་མིག་བཞིན་གནས་ཐབས་ཤིག་གཏན་ནས་མེད།        Z5d

སྦྲ་ནག་ཏུ་ལྟེ་ཁྲག་འཕོས་ཤིང་གངས་འདབས་སུ་འཚར་ལོངས་བྱུང་བ།  རྫ་ཆུ་བཏུང་བར་རོལ་བཞིན།  ནས་རྩམ་རྒྱགས་ཕྱེར་ཁྱེར་བའི་བོད་པ་ཇི་སྙེད་ཀྱིས་རང་གི་སློབ་གསོར་མདུན་ལམ་དང་གཏད་སོ་མེད་པའི་འཁྲུལ་བ་ཆེན་པོ་ཞིག་གིས་རང་རྒྱུད་ཀུན་ནས་བརླབས་ཏེ།  སྨྱོ་ཧམ་ཆེན་པོས་རང་གིས་རང་ཉིད་འཆི་ལམ་དུ་འདེད་པའི་སྐྱོ་གར་མི་ཟད་པ་འདི་ང་ཚོ་སུས་ཀྱང་གང་སར་ལས་སླ་བོར་མཐོང་ཐུབ་ཀྱིན་ཡོད།        Z5d

དུས་རབས་ཀྱི་འཕེལ་རྒྱས་དང་འཛམ་གླིང་གི་འགྲན་རྩོད་ཤིན་ཏུ་རུ་འཛིང་བའི་ད་ལྟའི་དུས་སྐབས་སུ།  མི་རིགས་སློབ་གསོའི་བྱ་བཞག་ཟླ་བ་མར་ངོ་བཞིན་ཆགས་པ་དང་།  དུས་ཚོད་སྐར་ཆ་གཅིག་ལའང་ཚན་རྩལ་རིག་གནས་ཀྱིས་གནམ་ས་གོ་འབྱེད་པའི་མཆོང་བསྐྱོད་ཆེན་པོའི་ཁྲོད།  འཛམ་གླིང་དུ་ནམ་ཡང་ངོམས་རིན་ཡོད་པའི་མི་རིགས་ཀྱི་ཆོས་ལུགས་ལོ་རྒྱུས།  རྩོམ་རིག་སྒྱུ་རྩལ།  ཡུལ་སྲོལ་གོམས་འདྲིས་སོགས་ཀྱིས་ཉིང་མཚམས་སྦྱར་བའི་ཕ་མེས་ཀྱི་ཤུལ་དངོས་རྩ་ཆེན་འདི་དག་རྩམ་སྐྱ་རླུང་ལ་བསྐུར་བ་བཞིན་གྱུར་ནའང་ད་རུང་ང་ཚོར་ཚོར་སྣང་ཅི་ཡང་མེད་ན།  ང་ཚོའི་མི་བུ་རང་ངོས་ཀྱི་གནས་སྟངས་དངོས་མ་དེ་ཡང་སྙིང་ཅི་འདྲ་ཞིག་ཏུ་གྱུར་ཡོད་པ་རེད།        Z5d

ས་གནས་དང་མི་རིགས། རྒྱལ་ཁབ། འཛམ་གླིང་ལ་འཕེལ་རྒྱས་ལེགས་པོ་ཞིག་འབྱུང་དགོས་ན།  མི་རིགས་སོ་སོའི་ཤེས་རིག་སྔོག་འདོན་དང་སློབ་གསོ་དར་སྤེལ། མི་ནུས་གཙོ་སྐྱོང་ལ་མ་བརྟེན་པར་འགྲོ་ལམ་བཟང་བོ་ཞིག་འབྱུང་ཐབས་ཡེ་ནས་མེད།  དེ་ནི་ཁ་བཤད་ཙམ་མ་ཡིན་པར་རི་རབ་བཞིན་བརྟན་ཞིང་རྒྱ་མཚོ་བཞིན་བརླིང་བའི་དོན་དངོས་ཇི་སྙེད་ཀྱིས་ཕྱི་གསལ་ནང་གཙང་གི་སྒོ་ནས་ར་སྤྲད་འདུག  དཔེར་ན་ལྔ་ཅུ་ང་བརྒྱད་ལོའི་ལོ་རྒྱུས་སྐྱོ་གར་ལྟ་བུས་ཀྱང་ཡོངས་སུ་མཚོན་ཐུབ།        Z5d

དེས་ན་མི་རིགས་སློབ་གསོ་འཛམ་གླིང་གི་ཡུལ་དུས་དང་སྤྱི་ཚོགས་ཀྱི་འཕོ་འགྱུར།  མི་རིགས་རང་གི་དགོས་མཁོ་དངོས་དང་འཚམས་པར་གོང་སྤེལ་བྱ་དགོས་ན།  ཐོག་མར་མི་རིགས་རང་གི་སློབ་གསོ་བྱ་བ་གཉེར་མཁན་གྱི་སློབ་གསོ་དོ་དམ་པ་དང་དགེ་རྒན།  ལས་བཟོ་བ།  སྲིད་འཛིན་པ། ཁེ་ལས་པ།  ཁྲིམས་གཅོད་པ།  བདེ་སྲུང་བ།  བླ་བཙུན་དང་རོང་འབྲོག་མང་ཚོགས་བཅས་ཀྱིས་རླབས་ཆེན་གྱི་བྱ་གཞག་འདི་ཉིད་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་བྱས་ཏེ།  དངོས་ཐོག་བདེན་འཚོལ་སྒོས་སློབ་གསོའི་གནད་དོན་འཚོལ་ཞིབ་དང་དངོས་འབེབས་ངོས་གཙང་བྱ་དགོས།        Z5d

ང་ཚོ་སུ་ཡིན་ཡང་མི་རིགས་རང་ཉིད་ཀྱི་སློབ་གསོ་ལ་རང་གིས་མཐོང་ཆེན་དང་དོ་ཁུར་ལེགས་པོ་ཞིག་མ་བྱས་ན།  གཞན་ངོས་ནས་གདེང་འཇོག་དང་གྲུབ་འབྲས་ཆེན་པོ་ཞིག་འཐོབ་པར་མཐའ་གཅིག་ཏུ་རེ་བ་ནི་རུས་སྦལ་གྱི་སྤུ་དང་མོ་གཤམ་གྱི་བུ་ལྟ་བུར་གྱུར་ཡོད།        Z5d

གཉིས།  འབྲེལ་ཡོད་སྲིད་འཛིན་སྡེ་ཁག་གིས་མཐོང་ཆེན་བྱ་དགོས།        Z5d

མི་རིགས་སློབ་གསོ་ནི་ཀྲུང་ཧྭ་མི་རིགས་ཧྲིལ་བོར་ཆ་མཚོན་ནའང་།  རང་ཉིད་ཀྱི་འཕེལ་རྒྱས་ལ་འབྲལ་ཐབས་མེད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་མ་ནོར་བར་སྲིད་པས།  འབྲེལ་ཡོད་སྲིད་འཛིན་སྡེ་ཁག་གིས་དེ་ཉིད་འཐུས་ཚང་དང་ཡར་རྒྱས་ལ་ཤིན་ཏུ་སྨན་པའི་མཐུན་རྐྱེན་སྣ་ཚོགས་འབད་པས་བསྐྲུན་རྒྱུ་ནི་མི་རིགས་ཡར་རྒྱས་དང་རྒྱལ་ཁབ་དར་སྤེལ་ལ་གཡེལ་དུ་མི་རུང་བའི་རླབས་ཆེན་གྱི་ལས་དོན་འཁྲུལ་མེད་ཅིག་ཡིན་པར་ཐེ་ཚོམ་མེད།        ངེས་དོན་གྱིས་མི་རིགས་ང་དྲུག་གིས་གྲུབ་པའི་རྒྱལ་ཁབ་བམ་ཁྱིམ་ཚང་འདི་ཉིད་སྟོབས་ལྡན་མངའ་ཐང་ཅན་དུ་ཆགས་དགོས་ན།  མི་རིགས་སོ་སོ་ཡར་རྒྱས་གོང་འཕེལ་དུ་འགྲོ་དགོས་པ་ལས་མི་རིགས་གཅིག་དང་གཉིས་ལྷག་སྟོབས་འབྱོར་ཅན་དུ་ཇི་འདྲར་འཕེལ་ནའང་།  རྒྱལ་ཁབ་དང་ཁྱིམ་ཚང་དེ་ཉིད་འབྱོར་ལྡན་གྱི་གྲལ་དུ་ཡེ་ནས་བགྲང་ཐབས་མེད་པ་དང་ཨ་ན་མ་ན་རེད།          Z5d

ང་ཚོ་ནི་དོན་དངོས་སུ་དལ་འབྱོར་གྱི་ལུས་རྟེན་རྨ་མེད་དུ་ཚང་བའི་མི་ལུས་གཅིག་ལྟ་བུ་ཡིན་པས།  ནད་མེད་དུག་མེད་ཀྱི་ཕུང་ཁམས་བདེ་ཐང་ངོས་གཙང་ཞིག་ཡོང་དགོས་ནའང་།  དོན་ལྔ་སྣོད་དྲུག་བདེ་དགོས་པ་ལས་བློ་སྙིང་བྲང་གསུམ་བདེ་བ་ཙམ་གྱིས་རང་ལུས་ཧྲིལ་བོར་མི་ན་གཏན་བདེ་ཡིན་པ་ཚད་མས་བསྙད་མི་ཐུབ་པ་དང་གོང་གསལ་གྱི་མི་རིགས་སློབ་གསོའི་ལས་དོན་གཉིས་ལ་ཕན་ཚུན་འབྱེད་ཆོས་ཤིག་བཙལ་དུ་མེད་པས།  རྒྱལ་ཁབ་བདེ་འཇགས་དང་མི་རིགས་ཡར་རྒྱས་གཙང་མ་ཞིག་ཡོང་དགོས་ན།  མི་རིགས་འདྲ་མཉམ་སྒོས་གོང་སྤེལ་བྱ་དགོས་པ་ལས་དོན་མེད་དུ་མཆོག་དམན་གྱི་དབྱེ་བ་དངོས་སམ་བརྒྱུད་ནས་ཕྱེས་ན་ནི།  མི་ལུས་བདེ་ཐང་ཁ་ནས་གླེང་བཞིན་ཁོག་ནས་གོང་དུ་བརྗོད་པ་ནང་བཞིན་བློ་སྙིང་བྲང་གསུམ་ཙམ་ལ་མངོན་སུམ་འཛེམས་སྒོས་འགེབས་སྲུང་བྱས་ཏེ།  རང་ལུས་ཀྱི་གྲུབ་ཆ་གཞན་དག་སྟེ་མཆིན་པ་དང་མཚེར་བ།   མཁལ་མ།  མཁྲིས་པ།  མགོ་དང་མིག་སོགས་ལ་གྲི་སོ་བཙུགས་པ་དང་ཀུན་ནས་མཚུངས།        Z5d

དེ་འདྲའི་གནས་སྟངས་ཤིག་ལ་རྒྱལ་ཁབ་དར་རྒྱས་དང་མི་ལུས་བདེ་ཐང་ཞེས་པའི་ཚད་གྲུབ་ཀྱི་གཏམ་ཞིག་གླེང་ཐབས་ཡོད་མེད་ལ་ཞིབ་ཏུ་སོམས་དང་།  ཚད་ལྡན་གྱི་རྒྱལ་ཁབ་སྟོབས་འབྱོར་ཅན་དང་རང་ལུས་བདེ་ཐང་ཅན་ཞིག་གིས་དངོས་ཐོག་བདེན་འཚོལ་གྱིས་གོང་གསལ་གྱི་གནས་ཚུལ་དེ་ལྟ་བུ་ལ་བལྟས་ཚེ་ངོ་མ་དགོད་བྲོ་བ་དང་ཞེ་མེར་བ་ཞིག་ཡིན་པ་ལས་དེ་འདྲའི་ལུགས་ལ་བསྟོད་པའི་མཐེ་བོང་དང་སྨོན་པའི་གཏམ་ཕྲེང་གཏན་ནས་སྤྲས་མི་སྲིད།          རང་གི་རྒྱལ་ཁབ་དང་ལུས་པོར་ཁ་ཞེ་གཉིས་མེད་སྒོས་སྙིང་ནས་ན་མཁན་ཞིག་ཡིན་ན།  རྒྱལ་ཁབ་དར་རྒྱས་དང་མི་ལུས་བདེ་ཐང་ལ་ཤིན་ཏུ་གནོད་པའི་བྱིས་པའི་རོལ་རྩེད་ལྟ་བུའི་མི་ཟད་པའི་ལས་འདི་དག་གང་མྱུར་སྒོས་འདོར་ཐབས་བྱ་དགོས་པ་ལས།   ད་རུང་མོན་ཡུལ་རྡོར་སྤྱོད་ལྟ་བུའི་བརྟུལ་ཞུགས་བླངས་ན་མཇུག་འབྲས་ཇི་འདྲ་ཞིག་ཡོང་བར་གནག་རྫི་རྒན་པོ་ཞིག་གིས་ཀྱང་ཤེས་པའི་ཚོད་རེད།         Z5d

མི་རིགས་ས་ཁུལ་གྱི་སྲིད་འབྱོར་རིག་གསུམ་ཡར་རྒྱས་སུ་འགྲོ་དགོས་ན།  གོང་རིམ་སྲིད་འཛིན་སྡེ་ཁག་གིས་ཁྱོན་ཡོངས་ནས་མི་རིགས་སློབ་གསོ་གོང་དུ་སྤེལ་དགོས།  སློབ་གསོ་ནི་མི་རིགས་དང་རྒྱལ་ཁབ་ལ་ཆ་མཚོན་ན་དར་རྒྱས་ཀྱི་གཞི་མ་དང་འཆམ་མཐུན་གྱི་རྩ་བ་ཡིན་པའི་གནད་ས་ཡིན་པར་སེམས་གཏིང་ནས་ངོས་ཟིན་ནས་དོན་དངོས་འདི་ལ་སྲིད་འཛིན་སྡེ་ཁག་དག་གིས་སློབ་གསོ་ལ་དུས་དང་རྣམ་པ་ཀུན་ཏུ་རྔོ་ཐོགས་པའི་ཇུས་བཟང་ལག་བསྟར་དང་དངོས་ཤུགས་ཅི་ཡོད་ཀྱིས་རྒྱབ་སྐྱོར་ཚད་མེད་གནང་རྒྱུ་ནི་ཤིན་ཏུ་གལ་ཆེ།  དེ་ལྟར་བྱས་ན་ནི་སུས་ཀྱང་སྒུལ་མི་ཚུགས་པའི་རྒྱལ་ཁབ་སྟོབས་ལྡན་དང་སྤྱི་ཚོགས་འཆམ་མཐུན།  མི་རིགས་ཡར་རྒྱས་ཡོང་བར་མཐུན་རྐྱེན་བླ་ན་མེད་པ་ཞིག་སྦྱར་ཡོད་པ་རེད།         Z5d

གསུམ།  སྤྱི་ཚོགས་ཀྱི་ལས་སྣ་སོ་སོ་ནས་མཐོང་ཆེན་བྱ་དགོས།        Z5d

མི་རིགས་སློབ་གསོའི་ལས་དོན་ཡར་རྒྱས་སུ་གཏོང་དགོས་ན།  སློབ་གསོ་བྱ་བའི་སྟེང་དུ་དཔེ་ཁྲིད་མི་སྐྱོང་གི་བྱ་བཞག་རླབས་པོ་ཆེ་ཕྲག་བཞེས་བགྱི་བཞིན་པའི་དགེ་རྒན་ཁོ་ནས་མཐོང་ཆེན་དང་དོ་ཁུར་བྱ་ཐུབ་པ་ཞིག་ག་ལ་ཡིན།  དེ་ནི་མིའི་རིགས་ཀྱི་སྤྱི་ཚོགས་དང་ཤེས་རིག  ལོ་རྒྱུས།  འཚོ་བ་སོགས་འཕོ་འགྱུར་གཏོང་བའི་སྒུལ་ཤུགས་དང་རང་གཞན་ཀུན་གྱི་བདེ་སྡུག་གི་གོ་གསལ་དག་ཏུ་འབྱེད་པའི་རྒྱུ་ཁོ་ན་ཡིན་པས།  སྤྱི་ཚོགས་ཀྱི་ལས་སྣ་སོ་སོ་ནས་མ་སྐུལ་དང་བླང་སྒོས་གདེང་འཇོག་དང་རྒྱབ་སྐྱོར་བགྱི་དགོས་པའི་ལས་དོན་ཆེན་པོ་ཞིག་ཡིན་པ་ཚང་མས་རང་ངོས་ནས་ངོས་ཟིན་དགོས།       Z5d

སློབ་གསོ་བྱ་བའི་ཁྱབ་ཁོངས་ཤིན་ཏུ་ཡངས་པས་མི་འགའ་ཤས་དང་ཚོགས་པ་རེ་གཉིས་ཀྱིས་འཛམ་གླིང་གི་འཕེལ་ཁ་དང་སྤྱི་ཚོགས་ཀྱི་དགོས་མཁོ། མི་རིགས་ཀྱི་ལས་དོན་ལ་མཁོ་གལ་ཆེ་བའི་འགྲོ་ལམ་གུ་ཡངས་ཕུགས་བདེ་ཞིག་བསྐྲུན་ཐབས་ཁྱོན་ནས་མེད་པས། སྤྱི་ཚོགས་ཀྱི་ལས་སྣ་སོ་སོ་ནས་མི་རིགས་ལ་དབྱེ་མཚམས་དང་གོ་གནས་ལ་མཐོ་དམན།  ལས་གཞི་ལ་ངེས་པ་མེད་པར་རང་ས་ནས་སེམས་ཤུགས་དང་དངོས་ཤུགས།  སྟོབས་ཤུགས་ཅི་ནུས་སྒོས་འབུལ་རྒྱུ་ནི་བསླུ་མེད་ཀྱི་བསྒྲོད་པ་གཅིག་པུར་ལགས།        Z5d

འཛམ་གླིང་འཕེལ་རྒྱས་ཀྱི་འགྲོས་ཁ་གློག་ལྟར་མྱུར་ཞིང་སྤྱི་ཚོགས་འཕོ་འགྱུར་གྱི་གནས་བབ་རས་ལྟར་ཁྲ་བ།  ཤེས་རིག་འགྲན་རྩོད་ཀྱི་སྦྱོར་བ་མེ་ལྟར་ཚ་བའི་དུས་རབས་གསར་བར།  དེ་རིང་གི་སྐར་ཆ་རེ་རེའི་འཕེལ་རྒྱས་ཀྱི་གོམ་སྟབས་རེ་རེས་ང་ཚོའི་སང་ཉིན་གྱི་འཇོན་མི་སྐྱེད་བསྲིང་གི་ལས་ལ་རེ་བ་དང་ལྟ་ཚུལ། འོས་འགན་གསར་བ་ཞིག་ཟོན་ཆུ་འཁོར་ལོ་བཞིན་དུ་འདྲེན་བཞིན་ཡོད་པའི་ཚོར་སྣང་ཟབ་མོ་དེ་ང་ཚོ་སུ་ལའང་མཆིས།  ཡིན་ནའང་ང་ཚོའི་ལས་དབང་གི་རི་མོ་འདི་ལ་བཀྲག་མདངས་ཀྱི་ཚོན་སྣ་དང་མཚར་སྡུག་གི་ཡོན་ཏན་ཞིག་ནམ་ཀུན་སྦྱོར་དགོས་ན།  མི་ནུས་སྔོག་འདོན་དང་སྟོབས་ཤུགས་ལེགས་བཅོས་བགྱི་བའི་སློབ་གསོའི་ནུས་པར་ངེས་པར་དུ་བརྟེན་དགོས།                 སློབ་གསོ་ནི་འཇིག་རྟེན་གྱི་སྐྱེས་ཁམས་དང་འགྲོ་བ་སེམས་ཅན་ལ་སྐྱེས་སྟོབས་ཀྱི་དཔལ་སྦྱིན་བྱེད་ཀྱི་འབྱུང་ཁུངས་དངོས་སྟེ་དྭངས་གཙང་གི་ཆུ་བོ་ལྟ་བུ་ཞིག་ཡིན་པས།  ང་ཚོའི་བླ་སྲོག་དང་འབྲེལ་བའི་ལྷད་མེད་ཀྱི་ཆུ་བོ་འདི་ཉིད་གཙང་བཟོ་དང་ལེགས་བཅོས་བྱ་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱི་ཕྲག་ཏུ་བབས་པའི་འོས་འགན་ལྕི་མོ་ཞིག་ཡིན་པ་ལས།  མི་གཅིག་དང་གཉིས་ཡང་ན་ལས་གནས་འགའ་ཤས་ཤིག་གི་མི་སྣས་ཁ་གཅོག་ཐུབ་པའི་བྱ་བཞག་ཅིག་གཏན་ནས་མིན།  ལྷག་པར་དུ་ང་ཚོའི་མི་རིགས་དང་རྒྱལ་ཁབ།  འཛམ་གླིང་ཞི་བདེ་དང་འཕེལ་རྒྱས། འདྲ་མཉམ་གཙང་མ་ཞིག་ཡོང་དགོས་ན།  སྤྱི་ཚོགས་ཡོངས་ནས་སློབ་གསོ་བྱ་བར་དོ་ཁུར་དང་གདེང་འཇོག་ཚད་ཐུབ་ཅིག་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་ཤིག་རེད།       Z5d

ང་ཚོའི་བུ་རབས་ཚ་རྒྱུད་རྣམས་ཡུལ་དུས་དང་འཚམས་པའི་ཤེས་ལྡན་མི་སྣ་འཇོན་ཐང་ཅན་ཞིག་ཆགས་ཐུབ་མིན་ནི་སློབ་གསོ་ཁོ་ནར་རག་ལས།   ང་ཚོའི་མི་རབས་རྗེས་མས་ས་ཡི་གོ་ལའི་སྟེང་ནས་བརྟན་བརླིང་གི་རྐང་ཚུགས་ཐུབ་མིན་ཡང་སློབ་གསོ་ཁོ་ནར་རག་ལས།  མདོར་ན་ཡོད་ཚད་སློབ་གསོ་ཁོ་ནར་རག་ལས་དགོས་པའི་ཤེས་རིག་གིས་གནམ་ས་ཁ་ལོ་བསྒྱུར་བའི་ཁ་སང་དེ་རིང་།  སྤྱི་ཚོགས་ཡོངས་ནས་གདུང་སེམས་མཉམ་སྐྱེས་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་སློབ་གསོ་བྱ་བ་ཡར་རྒྱས་གོང་འཕེལ་དང་དེ་ཉིད་ལ་མཐོང་ཆེན་བླ་ལྷག་ཏུ་བྱ་རྒྱུ་ནི་གལ་ཆེ་བོ་རེད།       Z5d

བཞི།  ཁྲིམས་མཐུན་གྱིས་མཐོང་ཆེན་ངོས་གཙང་བྱ་དགོས།      Z5d

མི་རིགས་རང་གིས་རང་ཉིད་ཀྱི་སློབ་གསོ་ལ་མཐོང་ཆེན་བྱ་དགོས་པ་ལས་གཞན་གོང་རིམ་སྲིད་འཛིན་སྡེ་ཁག་དང་སྤྱི་ཚོགས་ཀྱི་ལས་སྣ་སོ་སོས་རྒྱབ་སྐྱོར་གང་ལེགས་བྱས་ན་ནི།  མི་རིགས་སློབ་གསོའི་འཕེལ་རྒྱས་ལ་ཕན་ཐོགས་ཆེན་པོ་འབྱུང་བ་ནི་ལྡོག་ཏུ་མེད་པའི་ཆོས་ཉིད་ཅིག་ཡིན་པས།  མི་རིགས་ཀྱི་སྐད་དང་ཡི་གེ  སློབ་གསོ་ལ་ཁྲིམས་མཐུན་གྱིས་སྲུང་སྐྱོབ་བྱ་རྒྱུ་ནི་དེ་ལས་ཀྱང་ཆེས་གལ་ཆེན་པོ་ཞིག་རེད།       Z5d

རྒྱལ་ཁབ་དང་ཞིང་ཆེན།  རང་སྐྱོང་ཁུལ་དང་རྫོང་སོ་སོ་ནས་མི་རིགས་ཀྱི་སྐད་དང་ཡི་གེ  སློབ་གསོ་ལ་གོང་བཀུར་དང་བརྩི་མཐོང་།  གདེང་འཇོག་བྱ་དགོས་པའི་འབྲེལ་ཡོད་ཁྲིམས་ལུགས་བཟང་བོ་ཞིག་དུས་ལྟར་གཏན་འབེབས་ངོས་གསལ་བྱས་ཏེ། འབྲེལ་ཡོད་ལས་ཁུངས་ཀྱིས་དངོས་འབེབས་ལག་བསྟར་མ་བྱས་ན།  མི་རིགས་ཀྱི་སྐད་དང་ཡི་གེ  སློབ་གསོ་ལ་འཕེལ་རྒྱས་ལེགས་པོ་ཞིག་འབྱུང་བར་དཀའ་ངལ་ཤིན་ཏུ་ཆེ།       Z5d

ཚོགས་འདུ་ཆེ་ཆུང་གི་སྟེང་གི་འགོ་ཁྲིད་རྣམ་པས་ཁ་ལག་མི་མཚུངས་པའི་ཁ་ཕོད་དེ་ཙམ་གྱིས་མི་རིགས་སློབ་གསོ་ཡར་རྒྱས་གཏན་ནས་འབྱུང་ཐབས་མེད་ལ།  རྒྱལ་ཁབ་ཀྱི་འབྲེལ་ཡོད་རྩ་འཛུགས་བརྒྱུད་དེ་ཁྲིམས་མཐུན་གྱིས་མི་རིགས་སློབ་གསོར་རྒྱབ་སྐྱོར་ཤུགས་ཆེན་མཛད་རྒྱུ་ནི་རྒྱལ་ཁབ་དང་མི་རིགས་ཡར་རྒྱས་ལ་རྔོ་ཆེན་པོ་ཐོག་ཐུབ་པའི་མི་རིགས་སློབ་གསོ་བྱ་བའི་ཐབས་ཇུས་ལེགས་ཤོས་ཤིག་ཡིན་པ་ལས།  ལན་རེར་དུས་ཀྱི་འཕོ་འགྱུར་དང་བསྟུན་ནས་ཐོལ་བྱུང་དུ་ཆུ་ལོག་བཞིན་བརྡོལ་བའི་ནུས་མེད་ཀྱི་ཡིག་ཆ་ཆེ་ཆུང་དེ་དག་གིས་ཀྱང་མི་རིགས་སློབ་གསོར་གོ་ཅུང་ཙམ་ཡང་ཆོད་ཐུབ་ཀྱིན་མི་འདུག་ལ།  དེ་ནི་ལྟག་ཆུ་ཆད་པའི་རྫིང་བུའི་ཚོད་རེད།       Z5d

མི་རིགས་ས་ཁུལ་དུ་མི་རིགས་རང་གི་སྐད་དང་ཡི་གེ་བེད་སྤྱད་བྱ་ཐུབ་པའི་ཁོར་ཡུག་གང་ལེགས་བསྐྲུན་ཏེ་རྒྱལ་ཁབ་ཀྱི་ཇུས་བཟང་དྲིལ་སྒྲོག  ཁྲིམས་ལུགས་དངོས་འབེབས།  ཆ་འཕྲིན་གསར་སྤེལ།  ཁོར་ཡུག་གཙང་བཟོ།  སྤྱི་ཚོགས་འཆམ་མཐུན་དུ་བསྐྱོད་པར་མཐའ་གཅིག་ཏུ་འབུངས་ན་ནི་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་དར་རྒྱས་སུ་འགྲོ་བར་ཤིན་ཏུ་ཁེ་ཆེ་བས། ཁྲིམས་མཐུན་གྱིས་མི་རིགས་ཀྱི་སྐད་དང་ཡི་གེ  སློབ་གསོར་སྲུང་སྐྱོབ་བྱ་རྒྱུ་ནི་མི་རིགས་སློབ་གསོར་ཡར་རྒྱས་སུ་འགྲོ་བའི་ཐབས་ལམ་བཟང་བོ་ཞིག་རེད།Z5d

དེང་སྐབས་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྣ་ཚོགས་ལ་ཁྲིམས་མཐུན་གྱིས་སྲུང་སྐྱོབ་ཆ་ཙམ་བྱས་ནའང་།  གཡུར་དུ་ཟ་བའི་གྲུབ་འབྲས་མང་བོ་ཞིག་ལེན་བཞིན་པའི་ཚུལ་ཡང་རྣ་ཐོས་ཙམ་མ་ཡིན་པར་དངོས་སུ་གསར་འགྱུར་བརྒྱུད་ལམ་ཁག་ནས་མིག་གིས་མཐོང་རྒྱུ་མང་བོ་འདུག  དེས་ན་མི་རིགས་ཀྱི་སློབ་གསོ་ལའང་ཁྲིམས་མཐུན་གྱིས་འགེབས་སྲུང་བྱས་ཏེ་ཡར་རྒྱས་སུ་འགྲོ་བར་ཁ་མིན་དོན་གྱིས་འབུངས་ན།  གྲུབ་འབྲས་གཞན་དང་མི་མཚུངས་པ་ཞིག་ལེན་ཐུབ་པར་ཐེ་ཚོམ་མེད།         Z5d

དཔེར་ན་མི་རིགས་ཀྱི་སྐད་དང་ཡི་གེར་བརྟེན་ནས་སློབ་གསོའི་རྩི་བཅུད་གཞིབས་པའི་སློབ་གྲྭ་ཆེན་མོ་བ་དག་མི་རིགས་ས་ཁུལ་དང་འབྲེལ་ཡོད་ལས་ཁུངས་སུ་རྒྱལ་ཁབ་ཀྱི་འཆར་བཀོད་ལྟར་ལས་བྱེད་མི་སྣ་བསྡུ་ལེན་བྱེད་སྐབས།  ཁྲིམས་མཐུན་གྱིས་ཡིག་རྒྱུགས་དང་ཁ་རྒྱུགས་ཀྱི་ཁྲོད་མི་རིགས་ཀྱི་སྐད་དང་ཡི་གེས་བརྒྱ་ཆའི་ལྔ་ཅུ་ཙམ་གྱི་ཟིན་ཚད་ཚོད་འཛིན་ཙམ་བྱས་ཚེའང་།  མི་རིགས་སློབ་གསོ་འཕེལ་རྒྱས་ལ་འགྲོ་ལམ་ཡངས་པོ་ཞིག་ཕྱེས་ཡོད་པ་རེད།             ངེས་པར་དུ་མི་རིགས་ས་ཁུལ་གྱི་ལས་ཁུངས་སོ་སོ་རུ་མི་རིགས་ཀྱི་སྐད་དང་ཡི་གེ་བེད་སྤྱོད་གཏོང་དགོས་པ་དང་ནང་ལོགས་ཀྱི་སློབ་གྲྭ་ཆེན་མོ་ཁག་ཏུའང་མི་རིགས་ཀྱི་སློབ་མ་ཆེད་གཉེར་བཟང་གྲས་སུ་བསྡུ་ལེན་བྱས་ཏེ།  སྐད་གཉིས་སློབ་གསོ(བོད་སྐད་ཡིག་གི་བསླབ་ཁྲིད་ཁོ་ན་བོད་སྐད་ཀྱིས་ཁྲིད་པ་དང་།  གཞན་པའི་བསླབ་ཚན་རྒྱ་སྐད་དང་དབྱིན་སྐད་ཀྱིས་ཁྲིད་པའི་ཆེད་གཉེར།)ཁྲིམས་མཐུན་གྱིས་དངོས་འབེབས་ལག་བསྟར་ཙམ་བྱས་ཚེའང་། མི་རིགས་ཤིག་གི་སློབ་གསོ་ལ་མཁའ་དབུགས་གསར་བ་ཞིག་དང་གང་གིས་ཀྱང་བསྒྲུན་ཐབས་མེད་པའི་མཐུན་རྐྱེན་འཛོམས་པོ་ཞིག་སྦྱར་ཡོད་པས།  མི་རིགས་སློབ་གསོ་སྲུང་སྐྱོབ་བྱ་བར་ཁྲིམས་ལུགས་ངོས་གཙང་ཞིག་གིས་རྒྱབ་སྐྱོར་བྱེད་རྒྱུ་ནི་རྒྱལ་ཁབ་ཡར་རྒྱས་དང་མི་རིགས་མཐུན་སྒྲིལ་དང་བོད་ཁམས་དར་སྤེལ་བྱ་བར་འགོར་འགྱངས་དང་ལྷོད་གཡེང་བྱེད་མི་རུང་བའི་དོན་ཆེན་ཞིག་ཡིན་པར་མ་ཟད།  འཛམ་གླིང་ཞི་བདེ་དང་སྤྱི་ཚོགས་འཆམ་མཐུན།  ཀྲུང་ཧྭ་མི་རིགས་ཧྲིལ་བོར་སྟོབས་ལྡན་ཕྱུག་འགྱུར་དུ་བསྐྱོད་པའི་འགྲོ་ལམ་བཟང་བོ་ཞིག་ཡིན་པར་སྒོ་ཀུན་ནས་སྙམ་མོ།  Z5d

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།