༄༅།། བོད་སྐད་ཡིག་ཆེད་ལས་ཀྱི་སློབ་གསོའི་བསྒྱུར་བཅོས་སྐོར་གླེང་བ།
སྤེལ་དུས།  2017-11-08  རྡེབ་ཚད།   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  རྩོམ་པ་པོ། ངག་དབང་བསྟན་འཛིན།  རྩོམ་སྒྲིག་པ། lobsang

འཆར་ལ་ཉེ་བའི་དུས་རབས་ཉི་ཤུ་རྩ་གཅིག་པར་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་ཆེད་ལས་ཀྱི་སློབ་གསོའི་སྒྱུར་བཅོས་ཇི་ལྟར་བྱེད་དགོས་མིན་དེ་ནི་བོད་ཀྱི་རིག་གནས་དང་ལྷག་དོན་དུ་ཆེད་ལས་དེའི་ཐད་ཀྱི་སློབ་གསོའི་ལས་དོན་པ་རྣམས་ཀྱི་ངོས་ནས་བཤད་ན་གནད་དོན་གལ་ཆེན་ཞིག་ཡིན་ལ་དེར་ལན་འདེབས་བྱེད་རྒྱུ་ནི་གཡོལ་ཐབས་དང་བྲལ་བའི་དྲི་གཞི་ཞིག་ཀྱང་ཡིན།  དེ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་དེ་ཇི་ལྟར་བྱས་ཏེ་རྒྱུད་འཛིན་དར་སྤེལ་གཏོང་རྒྱུ་དང་དེས་དུས་རབས་གསར་པའི་དགོས་མཁོར་འཚམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུའི་སྐོར་སོགས་དང་འབྲེལ་བའི་གནད་དོན་ཞིག་ཡིན་པར་བརྟེན་མ་འོངས་པའི་འགྲོ་ལམ་ཡང་དག་པར་གཏོད་ཆེད་རང་རེས་ལོ་རྒྱུས་འཕེལ་མཚམས་འདིར་དྲི་གཞི་དེའི་ཐད་ལ་རང་སྣང་གི་འདོད་ཚུལ་དང་ཕྱོགས་ལྷུང་གི་བསམ་པ་སྤངས་ཏེ་ཕྱི་རོལ་གྱི་དོན་དངོས་དང་འཚམ་ཞིང་ཚན་རིག་དང་མཐུན་པའི་ལན་འདེབས་ཤིག་གང་ཐུབ་ནས་དགོས་རྒྱུ་ནི་ང་ཚོ་འཐབ་ཕྱོགས་དེའི་ཐད་ཀྱི་སློབ་གསོའི་མི་སྣ་རྣམས་ཀྱི་འོས་འགན་ཞིག་ཡིན་པས་ན་དེའི་ཐད་ཁོ་བོ་རང་གི་ལྟ་བ་དང་།  ཉམས་མྱོང་།  དེ་བཞིན་སླད་ཀྱི་བྱེད་ཕྱོགས་སོགས་ཁག་ཅིག་འདིར་ལྷུག་པོར་གླེང་རྒྱུ་ཡིན།pX9

དང་པོ། བོད་སྐད་ཡིག་ཆེད་ལས་ཀྱི་སློབ་གསོར་ད་བར་ཐོབ་པའི་འབྲས་བུ།pX9

དེ་ཡང་བོད་ལྗོངས་སློབ་གྲྭ་ཆེན་མོར་མཚོན་ན་སྤྱི་ལོ1980ནས་བོད་ཡིག་གི་དངོས་གཞིའི་ཆེད་ལས་ཀྱི་སློབ་མ་བསྡུ་འགོ་ཚུགས་པ༼སྤྱི་ལོ་1985ལོ་གོང་དུ་བོད་ལྗོངས་དགེ་འོས་སློབ་གྲྭ་ཆེན་མོ་ཡིན༽དང་ད་བར་ལོ་རེ་བཞིན་བོད་སྐད་ཡིག་ཆེད་ལས་ཀྱི་སློབ་མ་འཛིན་གྲྭ་གཅིག་ནས་བཞིའི་བར་ཅི་རིགས་པར་སློབ་བསྡུ་བྱས་ཡོད་ལ།  སློབ་གྲྭ་ཐོན་རྗེས་ལས་གནས་ཐོག་བསྐྱོད་དེ་ཆེད་ལས་དེའི་ཐད་ཀྱི་སྤྱི་ཚོགས་ཀྱི་ལས་རིགས་ཁག་ནང་ད་བར་ནུས་པ་ཧ་ཅང་ཆེན་པོ་ཐོན་ཐུབ་པ་བྱུང་ཡོད།  དེའང་ཀུན་གྱིས་ཤེས་གསལ་ལྟར་བོད་དུ་རྒྱལ་ཡོངས་ཁྱོན་དང་འདྲ་བར་རིག་གནས་གསར་བརྗེའི་གཏོར་སྐྱོན་ཕོག་པ་ལས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་རྡུང་རྡེག་ཕོག་པར་བརྟེན་དེའི་རྗེས་ཀྱི་ལོ་རབས་བརྒྱད་ཅུ་པའི་ཐོག་མའི་དུས་སྐབས་སུ་བོད་ཀྱི་ཤེས་རིག་གི་ཤེས་ཡོན་ཅན་ཉུང་ངུར་གྱུར་པ་དང་།  མི་རབས་གསར་པ་རྣམས་ནས་དེའི་ཐད་ཤུལ་འཛིན་བྱེད་མི་མེད་ལ།   ཐ་ན་སློབ་གྲྭ་འབྲིང་ཆུང་གི་བོད་ཡིག་དགེ་རྒན་ཡང་ཤིན་ཏུ་དཀོན་པའི་དུས་ལ་བབས་པའི་སྐབས་སུ་ཀྲུང་དབྱང་གི་ཡང་དག་སྲིད་ཇུས་འོག་བོད་ལྗོངས་དགེ་འོས་སློབ་གྲྭ་ཆེན་མོར་ཡང་བོད་སྐད་ཡིག་ཆེད་ལས་འཛུགས་གཉེར་བྱས་ནས་སྲོལ་རྒྱུན་རིག་གནས་ཀྱི་ཤེས་ལྡན་པ་གྲགས་ཅན་ལྷག་འཕྲོ་རྣམས་ལ་སློབ་ཁྲིད་ལས་འགན་བཀོད་སྒྲིག་བྱས།  སྐབས་དེར་བོད་དུ་ཤེས་ཡོན་ལ་མཐོང་ཆེན་དང་ལྷག་པར་དུ་བོད་ཀྱི་ཤེས་རིག་དང་སྐད་ཡིག་སོགས་ལ་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུར་མཐོང་ཆེན་བྱེད་པའི་ཚ་རླབས་ཤིག་རྒྱས་ནས་ན་གཞོན་རྣམས་ཀྱིས་འབད་བརྩོན་ཆེན་པོས་དེར་སྦྱོང་བཞིན་པ་དང་སློབ་གྲྭ་ཆེན་མོར་ཞུགས་ནས་ཆེད་མངགས་ཆེད་ལས་དེར་ཐོས་བསམ་བྱེད་རྒྱུའི་སྐལ་བ་ལྡན་པའི་སློབ་མ་ཚོས་དེ་བས་རེ་བ་དང་ལྡན་པའི་ངང་ནས་སློབ་སྦྱོང་བྱེད་བཞིན་པ་དང་།  སྤྱི་ལོ་1985ལོར་དེ་སྔོན་གྱི་བོད་ལྗོངས་དགེ་འོས་སློབ་གྲྭ་ཆེན་མོའི་རྨང་གཞིའི་ཐོག་བོད་ལྗོངས་སློབ་གྲྭ་ཆེན་མོ་འདི་བཞིན་གསར་དུ་དབུ་བརྙེས་པ་དང་ཆབས་ཅིག་སློབ་གྲྭ་འདིར་བོད་སྐད་ཡིག་གི་ཚན་ཁག་ཀྱང་དངོས་སུ་བཙུགས་པ་ནས་བཟུང་རང་རེའི་ཚན་པའི་དབུ་ཁྲིད་དང་དགེ་སློབ་ཡོངས་ཀྱིས་འབད་བརྩོན་ལྷོད་མེད་བྱས་ཏེ་བོད་ཀྱི་ཤེས་རིག་རྒྱུད་འཛིན་དང་དར་སྤེལ་བྱེད་རྒྱུའི་ཐད་ད་བར་འབྲས་བུ་གཡུར་དུ་ཟ་བ་ཐོན་ཐུབ་པ་བྱུང་ཡོད།  དེ་ཡང་ད་བར་བོད་སྐད་ཡིག་ཚན་པའི་ཆེད་ལས་སློབ་ཁྲིད་ཀྱི་ནང་དོན་ལ་འགྱུར་ལྡོག་གང་ཙམ་བྱུང་ཡོད་ནའང་རྩ་བའི་ཆ་ནས་འདི་ལྟར་ཏེ་དག་ཡིག་དང་།  མངོན་བརྗོད་།  སུམ་རྟགས།  སྙན་ངག  བོད་ཀྱི་གནའ་རྩོམ།  བོད་ཀྱི་དེང་རྩོམ།བོད་ཀྱི་ལོ་རྒྱུས།  ཚད་མ་རིག་པ།  གྲུབ་མཐའ་སོགས་ཡིན་ལ།  དེ་མིན་སྤྱི་སྤྱོད་སློབ་ཚན་ཀྱང་གང་ཙམ་བཀོད་སྒྲིག་བྱས་ཡོད་པ་དེ་དག་སློབ་སྦཡོང་མཐར་ཕྱིན་པ་བྱས་ཏེ་སློབ་གྲྭ་ཐོན་པའི་སློབ་མ་རྣམས་ལ་བེད་སྤྱོད་བྱེད་མཁན་སྡེ་ཚན་དང་སྤྱི་ཚོགས་ཡོངས་ནས་གདེང་འཇོག་གང་ལེགས་དང་བསྔགས་བརྗོད་ཀྱང་ཆེན་པོ་ཐོབ་ཡོད་པ་དང་།  སློབ་མ་དེ་རྣམས་ནས་བོད་ཀྱི་སྐད་ཡིག་དང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་སླད་ཤུགས་ཆེའི་ནུས་པ་བཏོན་ནས་ཕན་འབྲས་ཆེན་པོ་ཐོན་ཡོད།  དེ་དག་གི་ཁྲོད་ནས་སློབ་མ་མང་ཆེ་བ་བོད་ཀྱི་སློབ་གྲྭ་འབྲིང་བ་དང་འབྲིང་རིམ་སློབ་གྲྭ་ཁག་གི་ནང་དུ་བོད་ཀྱི་སྐད་ཡིག་དང་རིག་གནས་སློབ་ཁྲིད་བྱེད་པ་དེས་ཆེད་ལས་དེའི་ཐད་ཀྱི་དགེ་རྒན་ཤིན་ཏུ་དཀོན་པའི་རྣམ་པར་ད་ལྟ་ཡོངས་སུ་འགྱུར་ལྡོག་བྱུང་ནས་དེའི་དགོས་མཁོ་ཡོངས་སུ་སྐོང་ཐུབ་པ་བྱུང་བ་དང་།  དེ་མིན་སློབ་ཐོན་སློབ་མ་མང་པོ་ཞིག་ནི་བོད་ཀྱི་ཡིག་བསྒྱུར་དང་།རྩོམ་སྒྲིག ཞིབ་འཇུག་སོགས་ཀྱི་ལས་འགན་དང་དུ་བླངས་ནས་བོད་ལྗོངས་ཀྱི་ཆབ་སྲིད་དང་།  དཔལ་འབྱོར།  རིག་གནས་སོགས་སྡེ་ཁག་གི་ལས་དོན་ལ་ནུས་པ་གལ་ཆེན་ཐོན་ཐུབ་པ་བྱུང་ཡོད།pX9

གཉིས་པ།  ཆེད་ལས་འདིར་ཉེ་དུས་འཕྲད་བཞིན་པའི་གནད་དོན་ཁག་ཅིགpX9

གོང་དུ་བརྗོད་པ་འདི་ནི་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་ཆེད་ལས་འདི་བཙུགས་པ་ནས་བཟུང་དེར་ཐོབ་པའི་གཙོ་ཆེའི་གྲུབ་འབྲས་རྣམས་ཡིན་ལ།  དེ་དང་ཕྱོགས་མཚུངས་མིག་སྔའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་དུ་ཆེད་ལས་འདིར་རིམ་བཞིན་གནད་དོན་དང་འགལ་བ་གསར་པ་འགའ་ཞིག་ཐོན་བཞིན་ཡོད།   སྤྱིར་རྒྱལ་ཡོངས་ཁྱོན་ལ་ཁྲོམ་རྭའི་དཔལ་འབྱོར་གྱི་ལམ་ལུགས་དར་རྒྱས་ཇེ་ཆེར་འགྲོ་བའི་དེང་གི་དུས་སུ་དེའི་དགོས་མཁོ་དང་མཚམས་པའི་ཤེས་ལྡན་མི་སྣ་འབོར་ཆེན་དགོས་ཀྱི་ཡོད་ནའང་ཤེས་ལྡན་པའི་གྲངས་འབོར་གྱི་ཐད་ནས་བྱས་ན་མང་ཆེ་བ་རང་བྱུང་ཚན་རིག་གི་ཤེས་ལྡན་པ་ཡིན་པས་སྤྱི་ཚོགས་ཚན་རིག་གི་ཤེས་ལྡན་པའི་དགོས་མཁོ་ནི་དེ་དང་བསྡུར་ན་གང་འཚམ་གྱིས་ཉུང་བ་ཡོད་པ་རེད།  དེར་བརྟེན་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེན་མོའི་ཆེད་ལས་ཀྱི་ཐད་འགྱུར་བ་ཆེན་པོ་བྱུང་ནས་རང་བྱུང་ཚན་རིག་གི་ཆེད་ལས་དེ་སྤྱི་ཚོགས་ཚན་རིག་གི་ཆེད་ལས་ལས་ཧ་ཅང་གིས་མང་བ་ཡོད་པ་དང་།   སློབ་ཕྲུག་རང་ངོས་ནས་ཀྱང་རང་བྱུང་ཚན་རིག་གི་ཆེད་ལས་ལ་རྒྱུགས་སྤྲོད་བྱེད་མཁན་ཧ་ཅང་གིས་མང་བ་ཡོད་པ་ནི་ཆེད་ལས་དེ་དག་ཤེས་ལྡན་པའི་སྤྱི་ཚོགས་ཀྱི་དགོས་མཁོ་མང་བ་ཡོད་པ་དང་།  དེ་ལ་བརྟེན་ནས་སློབ་ཕྲུག་རྣམས་སློབ་གྲྭ་ཆེན་མོ་ཐོན་རྗེས་མ་མཐར་ཡང་ལས་ཀ་འཚོལ་བདེ་བ་སོགས་ཡོད་པ་རེད།  འོན་ཀྱང་ད་བར་དུ་དེ་འདྲའི་བསྡུར་ཚད་ཀྱི་ཧེ་བག་དེ་མངོན་གསལ་མེད་པར་དམིགས་བསལ་དུ་གནས་ཡོད་པ་དང་ཐ་ན་དེ་སྔོན་བོད་རང་སྐྱོང་ལྗོངས་ལ་མཚོན་ན་རང་བྱུང་ཚན་རིག་གི་ཚན་རྩལ་མི་སྣ་ལས་སྤྱི་ཚོགས་ཚན་རིག་གི་ཚན་རྩལ་མི་སྣ་མང་བ་ཡོད་པ་སྟེ།   སྤྱི་ལོ་1989ལོར་བསྡོམས་རྩིས་བྱས་པར་གཞིགས་ན་སྐབས་དེར་བོད་རང་སྐྱོང་ལྗོངས་ལ་ཁྱོན་བསྡོམས་ཚན་རྩལ་ནི་སྣ་གྲངས་26799ཡོད་པ་དང་དེས་ལྗོངས་ཡོངས་ཀྱི་མི་འབོར་གྱི་བརྒྱ་ཆ1.29ཟིན།   དེའི་ནང་ནས་རང་བྱུང་ཚན་རིག་གི་ཚན་རྩལ་ནི་སྣ་གྲངས་12329ཡོད་ལ་སྤྱི་ཚོགས་ཚན་རིག་ཚནི་རྩལ་མི་སྣ་གྲངས་14470ཡོད་པས་ཁག་སོ་སོར་ཚན་རྩལ་མི་སྣ་ཡོངས་ཀྱི་བརྒྱ་ཆ་46དང་54ཟིན་གྱི་ཡོད།   གལ་ཏེ་བོད་དུ་དེང་དུས་ཀྱི་ཚན་རིག་ལག་རྩལ་དང་བཟོ་ལས་སོགས་དར་ཁྱབ་རིམ་བཞིན་ཆེ་རུ་འགྲོ་བས་ན་རང་བྱུང་ཚན་རིག་གི་ཚན་རྩལ་མི་སྣའི་དགོས་མཁོ་དེ་སྤྱི་ཚོགས་ཚན་རིག་གི་ཚན་རྩལ་པ་ལས་མང་པ་ཡོད་དགོས་པས་ཚན་ཁག་དེ་གཉིས་ཀྱི་དགོས་མཁོའི་བསྡུར་ཚད་ལ་མིག་སྔར་འགྱུར་བ་ངེས་ཅན་འགྲོ་དང་འགྲོ་བཞིན་ཡོད་པ་མངོན་གསལ་དུ་སོང་ཡོད་པ་དེ་ནི་རྒྱལ་ཡོངས་དང་འདྲ་བའི་ཐུན་མོང་གི་རྒྱུ་རྐྱེན་གཅིག་ཡིན།  ཐུན་མོང་མ་ཡིན་པའི་རྒྱུ་རྐྱེན་གཙོ་ཆེ་བ་ཞིག་ནི་བོད་སྐད་དུ་བོད་སྐད་ཡིག་ཆེད་ལས་འདིའི་སློབ་ཐོན་སློབ་མ་རྣམས་ལོ་ལྟར་སློབ་གྲྭ་ཐོན་ནས་ད་བར་ལོ་ངོ་བཅུ་ཕྲག་སོང་པས་ཆེད་ལས་འདིའི་སློབ་ཐོན་སློབ་མའི་ལས་དོན་བཀོད་སྒྲིག་བྱེད་ཡུལ་གཙོ་ཆེ་བ་སློབ་གྲྭ་འབྲིང་བ་དང་འབྲིང་རིམ་སློབ་གྲྭ་ཁག་གི་བོད་སྐད་ཡིག་གི་དགེ་རྒན་བྱེད་རྒྱུ་དེ་ཡིན་པས་དེ་སྔོན་སློབ་གྲྭ་དེ་དག་གི་བོད་ཡིག་དགེ་རྒན་ཤིན་ཏུ་དཀོན་པའི་སྣང་ཚུལ་ད་ལྟ་རྦད་དེ་འགྱུར་ལྡོག་བྱུང་ནས་འདང་ངེས་སུ་གྱུར་པ་དང་།   ད་ཡོད་ཀྱི་སློབ་གྲྭ་དེ་དག་གི་བོད་ཡིག་དགེ་རྒན་རྣམས་ཉེ་རབས་ལོ་ཤས་ནང་དུ་སློབ་གྲྭ་ཆེན་མོ་ཐོན་པའི་ན་གཞོན་ཤ་སྟག་ཡིན་པའི་ཆ་ནས་ད་ལྟའི་བོད་ཀྱི་སློབ་གསོའི་གཞི་ཁྱོན་ལ་གཞིགས་ན་སློབ་གྲྭ་དེ་དག་གི་བོད་ཡིག་དགེ་རྒན་གསར་པ་དགོས་པ་ཉུང་བ་ལྟ་བུར་འགྱུར་བཞིན་ཡོད་པས་བོད་སྐད་ཡིག་ཆེད་ལས་ཀྱི་སློབ་གྲྭ་ཆེན་མོའི་སློབ་མ་རྣམས་ལ་ལས་དོན་བཀོད་སྒྲིག་བྱེད་ཡུལ་གཙོ་བོ་དེ་རིམ་བཞིན་ཉུང་དུ་ཕྱིན་ཡོད།   གཞན་ཡང་ད་ལྟའི་རང་ལྗོངས་ཀྱི་ཡིག་བསྒྱུར་དང་རྩོམ་སྒྲིག་སྡེ་ཁག་སོགས་སུ་ཆེད་ལས་དེའི་དགོས་མཁོ་རྩ་བའི་ཆ་ནས་སྐོང་ཟིན་པ་སོགས་ཀྱིས་སློབ་ཐོན་སློབ་མ་རྣམས་ལ་ལས་དོན་བཀོད་སྒྲིག་བྱ་ཡུལ་ཇེ་ཉུང་དུ་འགྲོ་བ་དེ་ཡིན།pX9

གསུམ་པ།  བོད་སྐད་ཡིག་ཆེད་ལས་དེ་མ་འོངས་པའི་དུས་རབས་གསར་པ་དང་འཚམ་པ་བྱེད་ཐབས་ཀྱི་བསམ་གཞིགས།pX9

དེང་རབས་རང་རྒྱལ་འདི་ཉིད་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་འཛུགས་སྐྲུན་བྱེད་བཞིན་པ་དང་དེང་རབས་ཅན་གྱི་ཚན་རིག་དང་རིག་གནས་གོང་འཕེལ་འགྲོ་བ་སོགས་ཕྱི་རོལ་གྱི་སྤྱི་ཚོགས་ཉིན་བཞིན་འགྱུར་ལྡོག་འགྲོ་བའི་དུས་སྐབས་སུ་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་ཆེད་ལས་ཀྱིས་དེང་གི་དུས་སྐབས་དང་འཚམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུ་དང་།      འཆར་ལ་ཉེ་བའི་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་དུ་བོད་རིགས་ས་ཁུལ་ཁག་གི་དཔལ་འབྱོར་དང་རིག་གནས་སོགས་འཛུགས་སྐྲུན་ལ་འཚམ་ཐུབ་པ་བྱེད་རྒྱུ་ནི་དོན་ཆེན་ཞིག་ཡིན་ལ་དཀའ་ཚགས་ཅན་གྱི་ལས་འགན་ཞིག་ཀྱང་རེད།    ལེ་ཙན་གོང་མར་འཆད་པ་ལྟར་རང་རེའི་ཆེད་ལས་འདིར་དེང་སྐབས་གནད་དོན་དང་འགལ་བ་གསར་པ་འཕྲད་བཞིན་པ་ལས་མ་འོངས་པར་དེ་དག་དེ་བས་མངོན་གསལ་དུ་གྱུར་རྒྱུ་ནི་སྨོས་མེད་ཡིན།   ཡིན་ནའང་རང་རེའི་བོད་ཀྱི་སྲོལ་རྒྱུན་རིག་གནས་དེ་ནི་སྔོན་བྱོན་ལོ་པཎ་མཁས་པ་དུ་མའི་བརྩོན་འགྲུས་དང་སྙིང་རུས་ལ་བརྟེན་ནས་བྱུང་ཞིང་།     ད་བར་ལོ་ངོ་སྟོང་ཕྲག་ལྷག་རིང་ལ་མི་རབས་དུ་མའི་བར་རྒྱུད་འཛིན་བྱས་པའི་གནའ་ཤུལ་གྲགས་ཅན་གྱི་རིག་གནས་ཤིག་ཡིན་ལ།   དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ནང་གི་འོད་སྟོང་འཕྲོ་བའིགལ་ཆེའི་གྲུབ་ཆ་ཞིག་ཀྱང་ཡིན།དེི་ནི་འཛམ་གླིང་ཐོག་ཏུའང་གནས་བབས་ངེས་ཅན་བཟུང་བའི་གནའ་རབས་ཀྱི་རིག་གནས་ཤིག་ཡིན་པས་རྒྱུད་འཛིན་བྱེད་རྒྱུ་ནི་རང་རེའི་མི་རབས་འདིའི་ལོ་རྒྱུས་ཀྱི་འོས་འགན་ཞིག་ཡིན་ལ།    ལྷག་པར་དུ་ད་ལྟ་བོད་ཀྱི་རིག་གནས་ཀྱི་བྱ་བར་ཞུགས་བཞིན་པའི་སློབ་གྲྭ་ཆེན་མོའི་དགེ་རྒན་དང་སློབ་གསོའི་ལས་དོན་པ་རྣམས་ལ་རག་ལས་ཡོད།   དེར་བརྟེན་རང་རེས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་དང་ཐོག་ཡང་དག་པའི་ངོས་འཛིན་བྱེད་རྒྱུ་ནི་གལ་ཆེན་ཞིག་ཡིན་པ་དང་།   དེའི་གལ་ཆེའི་རང་བཞིན་ལ་སྣང་མེད་བྱེད་མི་རུང་ལ་ཕྱོགས་ལྷུང་གི་ལྟ་བར་ཡང་ཡོ་བསྲང་བྱེད་དགོས།  འདིར་བརྗོད་པའི་ཕྱོགས་ལྷུང་གི་ལྟ་བ་ཞེས་པ་དེ་ནི་གཙོ་ཆེ་བ་གཉིས་ཡོད་པ་སྟེ།   དེང་སྐབས་མི་ཁག་ཅིག་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་དེ་གནའ་རབས་ཀྱི་རིག་གནས་རྙིང་བ་ཞིག་ཡིན་པས་དེང་དུས་ཀྱི་སྤྱི་ཚོགས་ལ་ཕན་པ་འགྲུབ་མི་ཐུབ་པ་དང་ཡང་ན་ཆོས་ལུགས་ཀྱི་རིག་གནས་ཤིག་ཡིན་པས་དགོས་མེད་ལྟ་བུར་ངོས་འཛིན་བྱེད་པ་དང་།   ཡང་ཁག་ཅིག་གིས་དེ་ལས་ལྡོག་སྟེ་བོད་ཀྱི་སྲོལ་རྒྱུན་རིག་གནས་དེ་ནི་འཇིག་རྟེན་གྱི་གནས་ལུགས་མཐའ་དག་སྟོན་པ་དང་ཡང་དག་པར་སྟོན་པའི་མཆོག་ཏུ་གྱུར་པའི་རིག་གནས་ཤིག་ཡིན་པས་དེར་མ་འདུས་པ་དང་མ་དག་པ་མེད་པའི་རྩེར་སོན་པ་ཞིག་ཡིན་པས་དེང་དུས་ཀྱི་རིག་གནས་གསར་པ་རྣམས་སློབ་སྦྱོང་དང་དང་ལེན་བྱེད་པའི་དགོས་པའང་དེ་ཙམ་མེད་པར་ངོས་འཛིན་བྱེད་དོ།  །   གོང་གསལ་གྱི་ལྟ་བ་དེ་རིགས་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ཐ་ན་བོད་མི་རིགས་ལའང་མ་འོངས་པའི་མདུན་ལམ་གྱི་ཐད་གག་རྒྱའི་རང་བཞིན་ཤུགས་ཆེན་གྱུར་སྲིད།   རིག་གནས་གང་ཞིག་ཡིན་རུང་ཆེ་ཆུང་ལ་མ་ལྟོས་པར་རང་རང་ལ་ཁྱད་ཆོས་དང་ཕན་འབྲས་ཡོད་ལ།ཆབས་ཅིག་ཏུ་དེར་ཞན་ཆའམ་མ་འདང་བའི་ཆ་ཡང་ངེས་ཅན་ཡོད་སྲིད།   དེར་བརྟེན་སྤྱིར་རིག་གནས་གང་ཞིག་ཡིན་རུང་ཡོངས་སུ་དོར་བ་དང་།   ཡང་ན་ཡོངས་སུ་བླངས་པ་གཉིས་ཀ་ནོར་འཕྲུལ་གྱི་ཕྱོགས་ལྷུང་ཞིག་ཡིན།བོད་ཀྱི་རིག་གནས་ཀྱང་གནའ་རབས་ཀྱི་རྩ་ཆེའི་རིག་གནས་ཤིག་ཡིན་པའི་ཆ་ནས་གནའ་རབས་ཀྱི་བོད་དང་མཐའ་སྐོར་མི་རིགས་མང་པོའི་ཚན་རིག་དང་ཤེས་རིག་མང་པོ་བསྡུ་ལེན་བྱས་ཡོད་པའི་རིག་གནས་ཤིག་ཡིན་པས་རྦད་དེ་དོར་བ་ནི་གླེན་རྟགས་ཚ་བའི་བྱེད་སྟངས་ཤིག་ཡིན།   འོན་ཀྱང་དེར་དུས་རབས་གསར་པ་དང་འཚམས་མ་ཐུབ་པ་དང་ལྷག་པར་དེང་དུས་འཛམ་གླིང་དུ་ཚན་རིག་ལག་རྩལ་བྱ་འཕུར་བ་ལྟར་གོང་འཕེལ་འགྲོ་བཞིན་པ་དེ་དག་ཚང་མ་དགོས་མེད་དང་ཡང་ན་རང་རེའི་སྲོལ་རྒྱུན་རིག་གནས་ལ་དེ་དག་གི་ནུས་པ་ཡོད་པ་དང་དེས་མཚོན་པར་བྱས་ནས་རིག་གནས་དང་ཚན་རིག་གསར་པ་རྣམས་སློབ་སྦྱོང་དང་དང་ལེན་མི་བྱེད་པ་ནི་དེ་ལས་གླེན་རྟགས་ཚ་བ་དང་དེ་བས་མཇུག་འབྲས་ངན་པ་ཐོན་རྒྱུ་ཡིན་པ་སྨོས་མེད་རེད།   གལ་ཏེ་རིག་གནས་དང་ཚན་རིག་གསར་པ་དང་ལེན་མ་བྱས་ཚེ་སྲོལ་རྒྱུན་རིག་གནས་ཀྱང་རྒྱུད་འཛིན་བྱེད་ཐབས་བྲལ་བ་ཞིག་ཡིན།    ལྷག་པར་དུ་བོད་ཀྱི་སྐད་ཡིག་ཆེད་ལས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་མཁན་རྣམས་ཀྱི་ལས་འགན་གཙོ་བོ་ནི་བོད་ཀྱི་སྐད་ཡིག་ལ་སོགས་པའི་སྲོལ་རྒྱུན་རིག་གནས་དང་དར་སྤེལ་གཏོང་རྒྱུ་དེ་ཡིན་པས་རང་རེས་བྱ་ཐབས་སྤེལ་ནས་དེང་དུས་ཀྱི་རིག་གནས་གསར་བའི་ཤེས་བྱ་དང་ཐབས་ཤེས་གང་མང་གསར་དུ་བླངས་ནས་སྲོལ་རྒྱུན་རིག་གནས་དང་ཕན་ཚུན་བསྡུར་བ་དང་ཕན་ཚུན་ཁ་སྐོང་སོགས་བྱེད་དགོས་པར་སྣང་།pX9

བོད་ཀྱི་སྐད་ཡིག་ཆེད་ལས་འདི་བཞིན་དུས་རབས་ཉི་ཤུ་རྩ་གཅིག་པར་ཁ་ཕྱོགས་པར་དང་ཐོག་དུས་རབས་དེའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམ་ཐུབ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས་པ་ཡིན།   དེའང་བོད་སྐད་ཡིག་ཆེད་ལས་ཀྱི་དངོས་གཞིའི་སློབ་མ་རྣམས་ལ་ཁོང་ཚོ་དེང་དུས་ཀྱི་སྤྱི་ཚོགས་དང་དུས་རབས་ཉི་ཤུ་རྩ་གཅིག་པར་འཚམ་ཐབས་སུ་རང་གིོ་ཆེད་ལས་ཀྱི་སྟེང་དུ་དེང་དུས་སྤྱི་ཚོགས་ལ་མཁོ་བའི་ཤེས་བྱ་གསར་བའི་སློབ་ཚན་ཁག་ཅིག་གསར་དུ་ཁ་གསབ་བྱེད་དགོས་པ་འདུག་སྟེ།    དཔེར་ན་སློབ་མ་རྣམས་དེང་སྐབས་བེད་སྤྱོད་ཆེ་བའི་རྒྱའི་སྐད་ཡིག་ལ་རྨང་གཞི་ངེས་ཅན་ཡོད་དགོས་པ་དང་སློབ་གྲྭ་ཐོན་རྗེས་ཁོང་ཚོའི་ལས་དོན་དང་སྤྱི་ཚོགས་ཀྱི་ཞབས་ཞུ་སོགས་གང་དུའང་དགོས་པ་ཆེན་པོ་ལྡན་པ་ཡིན།   དེ་མིན་རང་རེའི་ མ་འོངས་པའི་ཤེས་ཡོན་ཅན་རྣམས་འཛམ་གླིང་དུ་ཁ་ཕྱོགས་དགོས་པས་ན་དབྱིན་ཡིག་ལ་སོགས་པའི་ཕྱི་རྒྱལ་སྐད་ཡིག་ལའང་མཐོང་ཆེན་དགོས་པས་བོད་སྐད་ཡིག་ཆེད་ལས་ཀྱི་སློབ་མར་ཡང་དབྱིན་ཇིའི་སྐད་ཡིག་གི་སློབ་ཚན་ངེས་ཅན་ཞིག་སློབ་ཁྲིད་བྱེད་རྒྱུ་ནི་དགོས་ཕན་ཆེན་པོ་ཡོད་པ་ཞིག་ཡིན།    ད་དུང་གློག་ཀླད་ཀྱི་ཤེས་ཡོན་མེད་ན་མ་འོངས་པར་ཡིག་རྨོངས་ལྟ་བུར་འགྱུར་བར་ངེས་པས་བོད་སྐད་ཡིག་གི་ཆེད་ལས་ཤེས་ཡོན་ཅན་རྣམས་ཀྱང་མ་འོངས་པར་ཡིག་རྨོངས་པ་ཞིག་ཏུ་མི་འགྲོ་བའི་ཆེད་དུ་ད་ལྟ་ནས་འགོ་བཙུགས་ཏེ་སློབ་གྲྭ་ཁག་ལ་ཆ་རྐྱེན་ཡོད་ན་གློག་ཀླད་འཕྲུལ་འཁོར་གྱི་སློབ་ཚན་གང་འཚམ་སློབ་ཁྲིད་བྱས་ནས་སླད་ཕྱིན་གྱི་རྨང་གཞི་འདིང་དགོས།     དེ་མིན་ཆེད་ལས་འདིའི་སློབ་མ་རྣམས་ཀྱི་ཤེས་རྒྱ་ཆེ་རུ་གཏོང་སླད་དུ་ཡིག་བསྒྱུར་གྱི་གཞུང་ལུགས་དང་།     རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག འཛམ་གླིང་གི་ལོ་རྒྱུས།  ནུབ་ཕྱོགས་ཀྱི་བསམ་བློའི་འཕེལ་རིམ།  ཕྱི་རྒྱལ་གྱི་མཚན་ཉིད་རིག་པ་སོགས་ཀྱི་སློབ་ཚན་གང་འཚམ་བཀོད་སྒྲིག་བྱེད་དགོས་རྒྱུ་ནི་ཁོང་ཚོའི་ཤེས་བྱ་རྒྱ་ཆེ་རུ་བཏང་ནས་འཛམ་གླིང་དུ་ཁ་ཕྱོགས་ཐུབ་པ་དང་དེས་རང་གི་ཆེད་ལས་ལའང་ཕན་འབྲས་ཆེན་པོ་ཐོན་ཐུབ་རྒྱུ་རེད།    དངོས་གཞིའི་སློབ་མ་རྣམས་ལ་ཆེད་ལས་ཀྱི་སློབ་ཚན་འཆར་གཞི་ནི་ད་ལྟ་སློབ་ཁྲིད་བྱེད་བཞིན་པའི་སུམ་རྟགས་དང་།   སྙན་ངག    བོད་ཀྱི་ལོ་རྒྱུས།   བོད་ཀྱི་རྩོམ་རིག   ཚད་མ་རིག་པ།    གྲུབ་མཐའ་སོགས་ཡིན་པས་རྩ་བའི་ཆ་ནས་འགྲིག་ངེས་ཡིན་ལ་དེ་བས་མང་དུ་གཏོང་རྒྱུ་དང་།  མིག་སྔའི་གནས་ཚུལ་འོག་ཏུ་གཏིང་ཚད་ཟབ་ཏུ་གཏོང་ཐབས་མེད་ལ་གལ་ཏེ་དངོས་གཞིའི་སློབ་མ་རྣམས་ཆེད་ལས་ཀྱི་སློབ་ཚན་མང་དྲགས་ན་གོང་དུ་བརྗོད་པའི་རྒྱ་ཡིག་དང་དབྱིན་ཡིག་ལ་སོགས་པའི་སྤྱི་སྤྱོད་ཀྱི་སློབ་ཚན་རྣམས་ཉུང་འཕྲི་བྱེད་དགོས་པར་འགྱུར་རྒྱུ་ཡིན་པས་དེ་ནི་དེང་དུས་ཀྱི་སྤྱི་ཚོགས་ནང་དུ་རང་རེའི་ཆེད་ལས་འདི་འཕེལ་རྒྱས་གཏོང་བའི་ཐབས་ཤེས་བཟང་ཤོས་ཤིག་ཡིན་པས་ཉུང་འཕྲི་བྱེད་མི་འོས་སོ།   །   འདིར་ཞོལ་ལ་གླེང་རྒྱུར་སླད་རང་རེའི་བོད་རིགས་ས་ཁུལ་དུ་གནས་པའི་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་ཆེད་ལས་ཀྱི་སློབ་གཞི་ཁག་ཅིག་གཅིག་གྱུར་བྱེད་རྒྱུ་དང་དངོས་གཞིའི་སློབ་མའི་སློབ་ཐོན་ཆུ་ཚད་རྩ་བའི་ཆ་ནས་གཏན་འཁེལ་ཞིག་བྱེད་ཐུབ་པ་བྱུང་ན་ཧ་ཅང་གི་ཕན་འབྲས་ཆེན་པོ་ཡོད་ངེས་རེད།pX9

བཞི་བ།  སྤུས་ཚད་དང་ལྡན་པའི་བོད་རིག་པའི་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱ་རྒྱུ།pX9

བོད ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་སླད་ཞིབ་འཇུག་གི་ཚད་གཞི་ལོན་པའི་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ།   དངོས་གཞིའི་སློབ་མ་ནི་བོད་སྐད་ཡིག་ཆེད་ལས་ཀྱི་གྲངས་འབོར་ངེས་ཅན་ལྡན་པའི་ཤེས་ལྡན་མི་སྣ་ཞིག་ཡིན་པས་ཞིབ་འཇུག་སློབ་མ་དང་བསྡུར་ན་ཁོ་ཚོའི་བོད་ཀྱི་རིག་གནས་ཀྱི་ཆུ་ཚད་དེ་གཏིང་ཟབ་ཚད་དང་།   གཞི་ཁྱོན་སོགས་གང་གི་ཐད་ནས་ཀྱང་ཚད་གཞི་དམའ་བ་ཡོད་པས་དེ་གཅིག་པོས་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་རྒྱུ་ནི་ཧ་ཅང་ཁག་པོ་ཡིན་པས་ད་དུང་དངོས་གཞིའི་སློབ་མ་དང་ཡང་ན་ད་ཡོད་ལས་ཞུགས་ཤེས་ལྡན་པའི་ནང་ནས་རྒྱུགས་ལེན་བྱས་ཏེ་བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་གི་ཆུ་ཚད་དང་ནུས་པ་ལྡན་ལ་དེར་བློ་ཁ་ཕྱོགས་པའི་ཤེས་ལྡན་པའི་ནང་ནས་འདམ་གསེས་བྱས་ཏེ་ཧྲོའོ་ཧྲེ་དང་ཐ་ན་མ་འོངས་པར་པོ་ཧྲེ་སློབ་མ་ཡང་བོད་རིགས་ས་ཁུལ་ཁག་གི་སློབ་གྲྭ་ཆེན་མོ་ནས་གསོ་སྐྱོང་བྱེད་ཐབས་བྱེད་དགོས་ལ།   རང་རེའི་དེའི་ཆ་རྐྱེན་དང་ནུས་པའང་ངེས་པར་ཡོད་དགོས་པ་ཡིན།    ཞིབ་འཇུག་སློབ་མའི་སློབ་ཁྲིད་ཀྱི་ནང་དོན་ཐད་དངོས་གཞི་སློབ་མ་ལས་ཚད་གཞི་ངེས་ཅན་གྱིས་མཐོ་བ་དགོས་པ་ནི་སྨོས་མེད་རེད།   སློབ་མ་དེ་རྣམས་ལ་བོད་ཀྱི་ཤེས་རིག་གི་ཤེས་བྱའི་རྨང་གཞི་མཐོ་བའི་ཁར་རང་རང་གི་ཞིབ་འཇུག་གི་གཙོ་བའི་ཁ་ཕྱོགས་གཏོད་ཐུབ་པ་ཞིག་ངེས་པར་དགོས།  དཔེར་ན་བོད་རིག་པའི་ཧྲོའོ་ཧྲེའི་ཞིབ་འཇུག་སློབ་མ་ལྟ་བུར་མཚོན་ན་རང་གི་ཆེད་ལས་དེ་བོད་ཀྱི་ལོ་རྒྱུས་དང་།  རྩོམ་རིག ཆོས་ལུགས།  མཚན་ཉིད་རིག་པ་སོགས་དབྱེ་ནས་སློབ་མ་རང་རང་གི་ཁྱད་ཆོས་ལ་གཞིགས་ནས་ལོ་རྒྱུས་ཆེད་ལས་ལའང་གནའ་རབས་བོད་ཀྱི་ལོ་རྒྱུས་དང་།  ཉེ་རབས་བོད་ཀྱི་ལོ་རྒྱུས་དང་།  དེང་རབས་བོད་ཀྱི་ལོ་རྒྱུས་སོགས་དང་།  དེ་བཞིན་བོད་ཀྱི་ཆོས་ལུགས་ཞིབ་འཇུག་ཆེད་ལས་ལའང་དབུ་མ་དང་།  ཚད་མ།  བོད་དར་གྲུབ་མཐའ་སོགས་གཙོ་བོའི་ཞིབ་འཇུག་གི་ཁ་ཕྱོགས་གཏན་ཁེལ་བྱེད་རྒྱུ་གལ་ཆེ་བར་སྣང་།   དེ་འདྲའི་ཞིབ་འཇུག་སློབ་མ་རྣམས་ཀྱིས་རང་གི་ཆེད་ལས་གང་གི་ཞིབ་འཇུག་འབྲས་བུ་སྤུས་དག་ཐོན་ཐུབ་པ་བྱས་ནས་བོད་ཀྱི་རིག་གནས་གོང་འཕེལ་གཏོང་སླད་ནུས་པ་དེ་བས་ཆེ་བ་ཐོན་ཐུབ་རྒྱུ་དང་།  དེ་མིན་གནའ་དཔེ་རྙིང་བ་མྱུར་སྐྱོབ་དང་།  བསམ་བློ་དང་ལྟ་བ་གསར་པ།སྔོན་ཐོན་ཚན་རིག་ལག་རྩལ།  རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་རྩོམ་རིག་དང་།  མཚན་ཉིད་རིག་པ།  ལོ་རྒྱུས་སོགས་རིན་ཐང་ཆེ་བའི་གསུང་རྩོམ་དང་དཔེ་དེབ་རྣམས་ཡིག་རིགས་གཞན་ནས་བོད་ཡིག་ཏུ་བསྒྱུར་ཐབས་བྱེད་རྒྱུ་ནི་ཞིབ་འཇུག་སློབ་མའི་འབྲས་བུ་གལ་ཆེན་ཞིག་ཏུ་རྩིས་ཆོག་པ་དང་།  དེ་ནི་ད་ལྟ་བོད་ཀྱི་མི་རིགས་ལ་དེང་དུས་ཀྱི་ཚན་རིག་དང་རིག་གནས།  དེ་བཞིན་སྔོན་མི་རིགས་གཞན་གྱི་ཕུལ་བྱུང་གི་བསམ་པ་སོགས་བརྩམ་བྱ་དེིབས་དགོས་མཁོ་ཆེ་བ་ཡིན་པས་སོ།  །  དེའང་ཡིག་བསྒྱུར་གྱི་གལ་ཆེའི་རང་བཞིན་ནི་འདི་ལྟར་ཏེ་མི་རིགས་ཤིག་གི་རིག་གནས་དང་། ཚན་རིག  དཔལ་འབྱོར་སོགས་དར་རྒྱས་ཇི་ཡོད་དེ་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་བྱས་ན་དེ་ནི་མི་རིགས་དེས་མི་རིགས་དང་ཡུལ་གྲུ་གཞན་དང་མཐའ་སྐོར་གྱི་རྒྱལ་ཁབ་དང་སབྲེལ་བ་བྱས་ཏེ་དེའི་སྔོན་ཐོན་ཤེས་རིག་རྣམས་ལེན་ཐུབ་མིན་དང་།   དེ་དག་བླངས་ནས་སྙིགས་དོར་བཅུད་ལེན་བྱས་ཏེ་རང་མི་རིགས་ཀྱི་ཤེས་རིག་ཞིག་ཏུ་གསར་གཏོད་བྱེད་ཐུབ་མིན་ལ་རག་ལས་པ་ལས་ཕན་ཚུན་ཤུགས་རྐྱེན་དང་འབྲེལ་བ་གང་ཡང་མེད་པའི་ལྟོས་མེད་ཁེར་རྐྱང་དུ་གྲུབ་པའི་ཤེས་རིག་ཅིག་སྔར་ནས་དཀོན་པོར་གྱུར་པས།སྣང་ཚུལ་དེ་ནི་ཤེས་རིག་དར་རྒྱས་བྱུང་བའི་མི་རིགས་དང་ས་ཁུལ་མང་ཆེ་བའི་ཤེས་རིག་དར་ཚུལ་གྱི་ལོ་རྒྱུས་ལ་ཞིབ་རྟོག་བྱས་ན་ར་སྤྲོད་ཐུབ་ངེས་ཡིན།   དེ་འདྲའི་ཤེས་རིག་དེ་ཕན་ཚུན་ཤུགས་རྐྱེན་དང་།  འབྲེལ་བ།   དོར་ལེན་བཅས་ཀྱི་རྒྱུད་རིམ་རྣམས་ཐབས་ལམ་གང་འདྲ་ཞིག་ལ་བརྟེན་ནས་བྱས་ཡོད་མིན་ནི་སྔར་ནས་ད་བར་ཡིག་བསྒྱུར་གྱི་བྱ་གཞག་གིས་སྔོན་འདྲའི་ཆ་རྐྱེན་བཟུང་ཡོད་པ་དང་ཡིག་བསྒྱུར་གྱིས་མིའི་རིགས་ཀྱི་ཤེས་རིག་ཕན་ཚུན་ཁྱབ་སྤེལ་གཏོང་རྒྱུར་རླབས་ཆེའི་ནུས་པ་ཐོན་ཡོད།  སྔོན་མ་ལེང་ཆི་ཁྲོ་ཡི་གསུངས་པར“ད་ལྟ་ཀྲུང་གོ་འདི་ཉིད་སྟོབ་ཆེན་ཞིག་ཏུ་གྱུར་འདོད་ན་ཐབས་ཤེས་ཨང་དང་པོ་སྟེ་དཔེ་དེབ་ཡིག་བསྒྱུར་བྱ་རྒྱུ་ནི་བྱ་བ་དང་པོ་ཡིན”ཞེས་པ་དེ་དེང་སྐབས་བོད་ཀྱི་ཚན་རིག་རིག་གནས་དང་དཔལ་འབྱོར་འཛུགས་སྐྲུན་ལ་སྔར་བཞིན་ཧ་ཅང་འཚམས་ལ་དགོས་གལ་ཡང་ཤིན་ཏུ་ཆེ།འོ་ན་བོད་དུ་དེང་རབས་ཅན་གྱི་རིག་གནས་དང་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་དེང་དུས་ཀྱི་ཚན་རིག་ལག་རྩལ་དང་ལྟ་བ་གསར་པ་རྣམས་སློབ་སྦྱོང་བྱེད་དགོས་པ་དང་།   ཡང་གལ་ཏེ་དེ་དག་གི་དཔེ་དེབ་ཡིག་བསྒྱུར་བྱེད་མི་དགོས་པར་རྒྱ་ཡིག་སོགས་ལ་བརྟེན་ནས་ཐད་ཀར་སློབ་སྦྱོང་བྱས་ན་མི་འགྲིག་གམ་ཞེ་ན།   བོད་མི་རིགས་དར་རྒྱས་ཡོང་བར་བརྒྱ་ཆ་དགུ་ཅུ་ཡན་གྱི་ཞིང་འབྲོག་མི་དམངས་ཚུད་པའི་མི་རིགས་ཧྲིལ་པོའི་བསམ་བློའི་གོ་རྟོགས་དང་ཚན་རིག་ལག་རྩལ་གྱི་བྱང་ཚད་མཐོ་རུ་གཏོང་དགོས་པས་རང་མི་རིགས་ཀྱི་སྐད་ཡིག་བེད་སྤྱད་ནས་སྔོན་ཐོན་ཤེས་རིག་སློབ་སྦྱོང་བྱེད་རྒྱུ་དེ་ཁོ་ན་འགྲོ་ལམ་འབའ་ཞིག་ཡིན།   རྒྱལ་སྤྱིའི་སློབ་གསོ་ཚན་རིག་རིག་གནས་སྒྲིག་འཛུགས་ཀྱི་སྐད་ཡིག་རིག་པའི་མཁས་དབང་ལྷན་ཚོགས་ནས་ཀྱང་གཅིག་གྱུར་ཐོག་ངོས་འཛིན་བྱས་དོན་ལ“རང་མི་རིགས་ཀྱི་སྐད་ཡིག་སྤྱོད་རྒྱུ་ནི་སློབ་གསོའི་བྱ་ཐབས་ལེགས་ཤོས་དེ་ཡིན།   དེ་ནི་རིག་གནས་རྒྱུད་འཛིན་བྱེད་པའི་ལག་ཆ་ཡག་ཤོས་དེ་ཡིན་ལ་མི་དམངས་རྣམས་ནས་རྒྱལ་ཁབ་འཛུགས་སྐྲུན་དང་གོང་འཕེལ་གཏོང་བར་སྐུལ་མ་བྱེད་པའི་འགུལ་ཤུགས་ཆེ་ཤོས་དང་ཡིག་རྨོངས་དང་བླུན་རྨོངས།    མཐོང་ཆུང་།དབུལ་བོ་བཅས་མེད་པར་བཟོ་རྒྱུའི་ལག་ཆ་ནུས་ལྡན་ཞིག་ཡིན།”ཞེས་གསལ་བས་ཀྱང་གསལ་ཤེས་ཐུབ་པའོ།  །  གལ་ཏེ་དཔེར་ན་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་དེ་སྔར་བོད་ཀྱི་ལོ་ཙྰ་བ་རྣམས་ཀྱིས་ཡིག་བསྒྱུར་མ་བྱས་པར་རྒྱ་གར་གྱི་སྐད་ཡིག་ཁོ་ནར་བརྟེན་ནས་སློབ་སྦྱོང་བྱས་ཡོད་ནསྐབས་དེའི་བོད་མི་མཁས་པ་ཉུང་ཤས་དང་ཆ་རྐྱེན་ཁག་ཅིག་གི་ནང་དུ་སངས་རྒྱས་ཆོས་ལུགས་ལ་ཐོས་བསམ་བྱེད་པ་ཙམ་ལས་དེས་བོད་ཀྱི་སྤྱི་ཚོགས་ཧྲིལ་པོར་ཁྱབ་སྤེལ་དང་སློབ་སྦྱོང་བྱས་ནས་ཤུགས་རྐྱེན་ཆེན་པོ་ཐེབས་མི་སྲིད་ལ།   གལ་ཏེ་ཐེབ་ཐུབ་པའི་དབང་དུ་བྱས་ནའང་དེའི་སྐབས་དེའི་སྤྱི་ཚོགས་ཁོ་ན་ལས་དུས་རབས་དེ་འདས་པའི་རྗེས་སུ་མུ་མཐུད་ཤུགས་རྐྱེན་ཐེབས་ཚད་ཇེ་མཐོར་འགྲོ་བའི་སྣང་ཚུལ་འདི་ལྟར་དེ་བས་ཡོང་མི་སྲིད།   གནད་དོན་དེས་རང་རེར་ཡིག་བསྒྱུར་གྱི་གལ་ཆེའི་རང་བཞིན་ལ་གསལ་རྟོགས་ཡོང་བའི་སློབ་གཞི་གསོན་པ་ཞིག་མཁོ་འདོན་བྱས་ཡོད་ལ་དེ་དག་ལ་གཞིགས་ཚེ་མི་རིགས་ཤིག་ལ་གཞན་གྱི་སྔོན་ཐོན་ཚན་རིག་དང་རིག་གནས་ཤིག་གསར་དུ་དར་བར་བྱེད་དགོས་ན་དུས་རིམ་ངེས་ཅན་ཞིག་བརྒྱུད་དགོས་པར་མ་ཟད།  དེ་དར་སྤེལ་ཐུབ་པའི་ཕུགས་ཀྱི་མདུན་ལམ་ངོས་ནས་བརྗོད་ན་རིག་ཚན་ཞིག་ད་ལྟ་མི་གཅིག་དང་ཐ་ན་མི་བརྒྱ་ཡིས་ཤེས་པ་དང་།  ཡང་ན་མི་གཅིག་གིས་ད་ལྟ་རིག་ཚན་དེའི་དཔེ་དེབ་གཅིག་ཡིག་བསྒྱུར་ལེགས་པར་བྱས་ཚེ་ངས་བལྟས་ན་ཡིག་བསྒྱུར་བྱས་པ་དེ་ཡིས་མི་རིགས་དེའི་མ་འོངས་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེ་བ་ཐེབས་སྲིད་པར་སྙམ་མོ།  །  དེར་བརྟེན་ཡིག་བསྒྱུར་གྱི་བྱ་བ་དེ་ནི་མི་རིགས་ཤིག་ལ་ཤུགས་རྐྱེན་དང་ཕན་འབྲས་ཆེན་པོ་གཏོད་ཐུབ་པའི་བྱ་བ་ཞིག་ཡིན་པ་མ་ཟད།   བོད་སྐད་ཡིག་བེད་སྤྱོད་དང་དར་སྤེལ་གཏོང་བར་ཡང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཡིན།   ད་ལྟ་བོད་ཡིག་ལ་བརྟེན་ནས་ཤེས་ཐུབ་པའི་ཤེས་བྱ་ནི་གཙོ་བོ་སྔར་གྱི་བོད་ཀྱི་སྲོལ་རྒྱུན་རི་གནས་སོགས་ཡིན་པ་ཙམ་ལས་འཛམ་གླིང་གི་ཤེས་བྱ་དང་ལྷག་པར་དེང་དུས་ཀྱི་ཤེས་བྱ་རྣམས་ཤེས་དགོས་ན་དརྗོད་དོན་དེ་དག་བོད་ཡིག་དཔེ་དེབ་ནང་དུ་ཤིན་ཏུ་དཀོན་པར་གྱུར་ཡོད།   རང་རེའི་བོད་ཀྱི་ཡི་གེ་གསར་བཟོ་བྱུང་བ་ནས་སྔོན་བྱོན་ལོ་པཎ་རྣམས་ཀྱིས་སྐབས་དེའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམ་པའི་ནང་དོན་སྣ་ཚོགས་བོད་ཡིག་ལ་ཡིག་བསྒྱུར་བྱས་ནས་བོད་ཡིག་འདི་ལ་འཚོ་བཅུད་ཀྱིས་ཕྱུག་པ་བྱས་ཡོད།   ཡིན་ནའང་བར་སྐབས་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ལ་བོད་མི་རྣམས་ནས་དེར་འཚོ་བཅུད་གསར་པ་བསྡུ་ལེན་བྱས་མེད་པར་བརྟེན་ད་ལྟ་དེའི་ནང་དོན་དེང་དུས་སྤྱི་ཚོགས་དང་ལྷག་དོན་དུ་འཚམ་གླིང་དུ་དེང་སྐབས་ཤེས་ཡོན་བློ་ཡུལ་དུ་འཆར་དཀའ་བ་གྲངས་ལས་འདས་པ་ཐོན་བཞིན་ཡོད་ནའང་དེ་འདྲའི་ནང་དོན་བོད་ཡིག་ཏུ་མཐོང་རྒྱུ་མེད་པས་བོད་ཡིག་འདི་དེང་དུས་ཀྱི་ནང་དོན་དང་བྲལ་བའི་ཡི་གེ་ཞིག་ཏུ་རིམ་བཞིན་འགྱུར་བ་ཡིན།   དེར་བརྟེན་དེང་དུས་ཤེས་བྱ་སྣ་ཚོགས་དང་ཆེད་ལས་སྣ་ཚོགས་བོད་ཡིག་ལ་བསྒྱུར་རྒྱུ་ནི་བོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་རྒྱུར་ཕན་འབྲས་ཆེན་པོ་ལྡན་པས་ལས་དོན་འདི་ནི་བོད་སྐད་ཡིག་ཆེད་ལས་ཀྱི་སློབ་གསོའི་མི་སྣ་རྣམས་ཀྱི་ལས་འགན་གཙོ་བོ་ཞིག་ཀྱང་ཡིན་པར་སེམས་སོ།  །pX9

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།